ཙེམ་པབ་ཝེའི་ཙུང་ཐུང་གིས་ཀྲུང་གོ་ཕྱོགས་ཀྱིས་མ་དངུལ་བཏང་བའི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་གཞི་ལས་རྒྱལ་ཁབ་གཉིས་ཀྱི་དུས་ཡུན་རིང་བོའི་མཛའ་མཐུན་མཚོན་ཡོད་པའི་ཚུལ་བསྟན།
2023.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཝ་ཡིས་ཚེས་བཅུ་བཞི་ཉིན་མུའུ་ཅཱ་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཐོག་ཁང་སྤྲོད་པའི་མཛད་སྒོར་ཞུགས་སྐབས་བཤད་རྒྱུར། ནུས་ཁུངས་དང་འགྲིམ་འགྲུལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ནས། ཀྲུང་གོ་ཕྱོགས་ཀྱིས་མ་དངུལ་བཏང་བའི་ཙེམ་པབ་ཝེའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལས་གཞི་ལས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་མཚོན་ཡོད་ཟེར།

མུའུ་ཅཱ་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཐོག་ཁང་དེ་ད་ལོའི་ཟླ་དྲུག་པར་ལས་གྲུབ་པ་རེད། མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཉིན་དེར་ཐོག་ཁང་དེར་ལྟ་ཞིབ་བྱས་རྗེས་གཏམ་བཤད་སྤེལ་ཏེ། གནམ་གྲུ་ཐང་གི་དེང་རབས་ཅན་གྱི་སྒྲིག་ཆས་དེ་རྒྱལ་སྤྱིའི་ཚད་གཞིར་བསླེབས་ཡོད་པ་དང་། ཁོས་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཐོག་ཁང་གི་འཛུགས་སྐྲུན་གྱི་འགན་ཁུར་བའི་ཀྲུང་ཅང་རྒྱལ་སྤྱིའི་སྡེ་ཚོགས་ཀྱི་བཟོ་སྐྲུན་སྤུས་ཚད་ལ་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ཟེར།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་བཤད་རྒྱུར། མུའུ་ཅཱ་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་འཛུགས་སྐྲུན་གྱིས་ས་དེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་དང་། རྩལ་ནུས་གསར་བ་དང་ལག་རྩལ་གསར་བར་སྐུལ་ཁྲིད་བྱས་ཏེ། ལས་ཞུགས་གོ་སྐབས་བསྐྲུན་ཡོད། ཁོས་ཀྲུང་གོའི་སྲིད་གཞུང་གིས་ཙེམ་པབ་ཝེའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཐད་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཉིན་དེར་ཙེམ་པབ་ཝེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲོའུ་ཏེན་གྱིས་མུའུ་ནན་ཅཱ་ཀུའུ་ཝ་དང་མཉམ་དུ་ཐོག་ཁང་གསར་བའི་སྒྲིག་ཆས་ལ་ལྟ་ཞིབ་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། མུའུ་ཅཱ་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་རྒྱ་བསྐྱེད་ལེགས་བཅོས་བཟོ་སྐྲུན་ནི་ཀྲུང་གོའི་ཕྱི་གཏོང་ནང་འདྲེན་དངུལ་ཁང་གིས་གཟིགས་སྐྱོང་དངུལ་བུན་འདོན་སྤྲོད་བྱས་ཏེ་ཙེམ་པབ་ཝེའི་རྒྱལ་ཁབ་རང་བཞིན་གྱི་ལས་གཞི་གལ་ཆེན་ཞིག་ཡིན་པ་རེད།

ལས་གཞི་དེ་ཀྲུང་གོའི་ཀྲུང་ཅང་རྒྱལ་སྤྱིའི་སྡེ་ཚོགས་ཀྱིས་འཛུགས་སྐྲུན་བྱེད་པའི་འགན་ཁུར་ཡོད་པ་དང་། ཉིས་སྟོང་བཅོ་བརྒྱད་ལོར་ལས་མགོ་བརྩམས་པ་ཡིན་ལ། རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཐོག་ཁང་དང་སྐུ་མགྲོན་ཐོག་ཁང་། གནམ་གྲུ་སྡོད་སའི་སྟེགས་བུ། ཐོག་ཁང་རྙིང་བའི་བཅོས་བསྒྱུར། རྒྱུག་ལམ་རྙིང་བ་དང་ས་ངོས་ཀྱི་གློག་སྒྲོན་དང་འཕྲིན་གཏོང་མ་ལག་གི་བཅོས་བསྒྱུར་སོགས་འདུས། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས། གནམ་གྲུ་ཐང་གི་འགྲུལ་བའི་སྐྱེལ་ལེན་གྱི་ཚད་ལོ་རེར་མི་ཐེངས་ས་ཡ་གཉིས་དང་འབུམ་ལྔ་ནས་མི་ཐེངས་ས་ཡ་དྲུག་ཏུ་ཇེ་མང་ལ་འགྲོ་སྲིད།


བསོད་ནམས་ཚེ་རིང་གིས་བསྒྱུར།