ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་ལྔ་ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་ཁ་པར་གྲོས་མོལ་བྱས་ཏེ། མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།
ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀོད་པའི་འབྲེལ་ཡོད་ཀྱི་བཟོད་སྒོམ་བརྗེད་ཐོ་ལས་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་ཀྱི་ཕྱིར་གཏོང་བཀག་རྒྱ་མེད་པར་གཏོང་བའི་སྐོར་གྱི་ནང་དོན་དེ་ད་ལྟའི་བར་ལག་བསྟར་བྱུང་མེད། དེ་ལས་གཞན་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་བའི་གྲོས་མཐུན་གྱི་དམིགས་འབེན་གཙོ་བོ་ཡིན་པའི་ཆ་ནས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོགས་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་འབྲུ་རིགས་འདོན་སྤྲོད་བྱེད་པའང་མངོན་འགྱུར་བྱུང་མེད་ཟེར།
གཞན་ཡང་ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧན་གོའི་ཙུང་ཐུང་དབྱིན་ཞེ་ཡའོ་ཡིས་ཚེས་བཅོ་ལྔ་ཉིན་གློ་བུར་དུ་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ལ་འཚམས་འདྲི་བྱས་ཏེ། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ། དབྱིན་ཞེ་ཡའོ་ཡིས་བསྟན་དོན། ཧན་གོས་ད་ལོར་རོགས་སྐྱོར་གཞི་རྒྱ་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར་ཡང་། ཁོས་གསོད་རྨས་རང་བཞིན་གྱི་མཚོན་ཆའི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་འཆར་གཞི་གླེང་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།