ཧན་གོའི་ས་ཁུལ་སྐོར་ཞིག་ཏུ་བསྟུད་མར་ཉིན་འགའི་རིང་ལ་དྲག་ཆར་འབབ་པའི་ནམ་ཟླ་བྱུང་། ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་དྲག་ཆར་བབས་པ་ལས་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་གར་སོང་རྙེད་མེད་ཟེར།
བསྒྲགས་པ་ལྟར་ན། གནོད་ཐེབས་ས་ཁུལ་གཙོ་བོ་ནི་ཀྲུང་ཆིན་ལམ་དང་ཆིན་ཧྲང་བྱང་ལམ་སོགས་དབུས་ཕྱོགས་ས་ཁུལ་རེད། བསྟུད་མར་ཉིན་བཞིའི་རིང་དྲག་ཆར་བབས་པ་ལས་རི་ཉིལ་བ་དང་། ཁང་བ་རྡིབས་པ། རླངས་འཁོར་ལ་གཏོར་བརླག་ཐེབས་པ། ལོ་ཏོག་ཆུས་བསྣུབས་པ་སོགས་ཀྱི་སྣང་ཚུལ་བྱུང་སྟེ། མི་སྣར་ཤི་རྨས་བྱུང་བ་དང་མི་རེ་འགའ་གར་སོང་རྙེད་མེད་ཟེར།
ཀྲུང་ཆིན་བྱང་ལམ་ནས་ཧོའེ་ཧྲན་ཆུ་རགས་ཀྱི་ཆུ་གནས་ཆེས་མཐོའི་ཚད་ལས་བརྒལ་ནས་ཕྱིར་བཞུར་བ་དང་། ཉེ་འདབས་ཀྱི་གྲོང་ཁྱེར་དང་རྫོང་བརྒྱད་ནས་བསྡོམས་པས་སྡོད་དམངས་སྟོང་བདུན་ལྷག་བྲེལ་མྱུར་གྱིས་ཡུལ་གཞན་དུ་བསྐྱལ། ཧོའེ་ཧྲན་ཆུ་རགས་ལས་ཕྱིར་བཞུར་བའི་ཆུ་ཇེ་མང་དུ་སོང་བ་དང་བསྟུན་ནས། ཆུ་འགྲམ་གྱི་ས་བབ་དམའ་བའི་གནས་ཆུས་བསྣུབས་ཡོད་ལ། ཉེ་འདབས་ཀྱི་ས་ཁུལ་མང་བོའི་གཞུང་ལམ་སྟེང་ཆུ་འཁྱིལ་ཡོད།
དེ་ལས་གཞན་དྲག་ཆར་ལས་ད་རུང་ཧན་གོའི་མེ་འཁོར་གཏོང་ཐེངས་སྐོར་ཞིག་མཚམས་བཞག་པ་དང་། མུ་མཐུད་དུ་བགྲོད་བཞིན་པའི་མེ་འཁོར་དག་ཀྱང་འགོར་འགྱངས་བྱུང་བའི་གནས་ཚུལ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།