ཨ་མེ་རི་ཁའི་ཙོ་ཀྲི་ཡཱ་མངའ་སྡེ་རུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།
2023.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨ་མེ་རི་ཁའི་ཤར་ལྷོའི་ཕྱོགས་ཀྱི་ཙོ་ཀྲི་ཡཱ་མངའ་སྡེའི་ཧན་ཕུའུ་ཏོན་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། གྲོང་ཁྱེར་དེར་ཉིན་དེའི་སྔ་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། ལག་དམར་ད་རུང་བྲོས་བྱོལ་བྱེད་བཞིན་ཡོད་ཟེར།

ཉེན་རྟོག་ཕྱོགས་ཀྱི་སྤྱི་སྒྲོག་ལས་བཤད་རྒྱུར། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ས་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ཞེ་ལྔ་ཡས་མས་སུ་བྱུང་བ་དང་། སྐྱེས་པ་དར་མ་གསུམ་དང་བུད་མེད་གཅིག་ལ་མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར་བ་རེད་ཟེར། ཉེན་རྟོག་ཕྱོགས་ཀྱིས་མེ་མདས་བརྒྱབ་པའི་དོན་རྐྱེན་དེའི་གནས་ཚུལ་ཞིབ་རྒྱས་ཁྱབ་བསྒྲགས་བྱས་མེད་ཀྱང་། ཉུང་མཐར་ཡང་དེའི་ཉེ་འཁོར་གྱི་ནག་ཉེས་བཟོ་སའི་ཡུལ་དངོས་བཞི་ནས་རྟོག་ཞིབ་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མིག་སྔར་ལོ་ཞེ་གཅིག་ཅན་གྱི་ས་དེའི་སྐྱེས་པ་ཞིག་དོགས་ཡོད་ཉེས་ཅན་དུ་ངོས་འཛིན་བྱས་ཡོད་པ་དང་། དོགས་ཡོད་ཉེས་ཅན་དེས་མེ་མདའ་བཟུང་ཡོད་ལ། ཁ་དོག་ནག་པོའི་རླངས་འཁོར་ཞིག་བསྐོར་ནས་ཡུལ་དངོས་ནས་བྲོས་བྱོལ་བྱས་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་དྲ་ཚིགས་ནས་དོགས་ཡོད་ཉེས་ཅན་གྱི་འདྲ་པར་དང་རུས་མིང་། གཟུགས་ཀྱི་རིང་ཐུང་། གོན་པའི་ལྭ་བ་སོགས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། གནས་ཚུལ་ཤེས་མཁན་གྱིས་ཁུངས་སྣེ་འདོན་སྤྲོད་བྱས་ཏེ་འཛིན་བཟུང་བྱ་བར་རམ་འདེགས་བྱེད་དགོས་པའི་སྐུལ་མ་བཏང་།

ཨ་མེ་རི་ཁའི་མེ་མདའི་དྲག་ཤུགས་ཡིག་ཚགས་ཞེས་པའི་དྲ་ཚིགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས་བཅོ་ལྔ་ཉིན་བར། ཨ་མེ་རི་ཁ་ནས་ད་ལོའི་ཚུན་ལ་ཉུང་མཐར་ཡང་མི་བཞིར་ཤི་རྨས་བཟོས་པའི་གཞི་རྒྱ་ཆེ་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་སུམ་བརྒྱ་དང་གྱ་གཉིས་བྱུང་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།