ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་ལ་བསླེབས།
2023.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཁཱ་ནཱ་ཏཱའི་མེ་གསོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་དེ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་ལ་བསླེབས་ཡོད་པ་དང་། ཕུའུ་ཐའོ་ཡཱའི་རྒྱལ་ཁབ་མངའ་ཁོངས་ཀྱི་རྒྱ་ཁྱོན་ལས་བརྒལ་ཡོད། མིག་སྔར་ཁཱ་ནཱ་ཏཱའི་མེར་འབར་བའི་ས་གནས་དགུ་བརྒྱ་ལྷགག་ཡོད་ལ། དེའི་ནང་ས་གནས་ལྔ་བརྒྱ་དང་བརྒྱད་ཅུའི་མེ་སྐྱོན་ལ་ཚོད་འཛིན་བྱེད་དཀའ་བར་གྱུར་ཡོད། ད་ལོའི་ཚུན་ལ། མི་འབུམ་གཅིག་དང་ཁྲི་ལྔ་ལྷག་ནགས་ཚལ་མེ་སྐྱོན་དབང་གིས་ཡུལ་གཞན་ལ་སྤོར་དུ་བཅུག་ཡོད་པ་རེད།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བཅོ་ལྔ་ཉིན་སི་ཕན་གྱི་ཅཱ་ནཱ་ལེ་ས་ཁུལ་ཆེན་མོའི་ལཱ་ཕཱ་ཨར་མཱ་གླིང་ཕྲན་དུ་ནགས་ཚལ་མེ་སྐྱོན་བྱུང་བ་དང་། དྲོད་ཚད་མཐོ་བ་དང་ཐན་སྐམ་ཆེ་ལ། རླུང་ཤུགས་ཆེ་བའི་ནམ་ཟླའི་དབང་གིས་མེ་སྐྱོན་དུས་ཡུན་ཐུང་ངུའི་ནང་མྱུར་མོར་མཆེད་དེ། ཁང་བ་མང་བོ་མེར་འབར་བ་དང་ས་དེའི་སྡོད་དམངས་སྟོང་ཕྲག་འགའ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།