སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ས་ཁཱ་ཐུའུ་མུའུ་ནུབ་ཕྱོགས་ཀྱི་ཨིན་ཐུའུ་མན་གྱི་སཱ་ལཱ་ཧི་དམག་དོན་སྨན་ཁང་ལ་ཉིན་དེར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞིར་རྨས་ལྗིད་མོ་ཕོག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཚད་ལྡན་དམག་དོན་རྩ་འཛུགས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་སྨན་ཁང་དེ་དམིགས་འབེན་དུ་བྱས་ཏེ་འཇབ་རྒོལ་བྱས་པ་རེད། སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་འཕྲོད་བསྟེན་སྒྲིག་ཆས་དམིགས་འབེན་དུ་བཟུང་ནས་འཇབ་རྒོལ་དོན་རྐྱེན་བཟོ་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། དེ་རྒྱལ་སྤྱིའི་རྩ་དོན་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རྩ་དོན་ལ་འགལ་ཡོད་པར་མ་ཟད། སྨན་ཁང་དང་སྨན་བཅོས་མི་སྣའི་བླ་མེད་འགན་འཁྲིར་གནོད་པ་བཟོས་ཡོད་པ་ནན་བཤད་བྱས།
སུའུ་ཏན་དྲག་ཆས་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་དེ་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཉིས་ལ་རྨས་ཕོག་ཡོད་ལ། དེའི་ནང་མང་ཆེ་བ་མི་སེར་དཀྱུས་མ་རེད་ཟེར།
འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་པ་ཏཱ་ཅཱ་ལོ་དང་སྲིད་འཛིན་པའི་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་བར་གྱི་ཆབ་སྲིད་ལྟ་ཚུལ་མི་མཐུན་པར་གྱུར། ད་ལོའི་ཟླ་བཞི་བའི་ཟླ་དཀྱིལ་དུ་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དང་སུའུ་ཏན་དྲག་ཆས་དམག་དཔུང་བར་འཁྲུག་རྩོད་བྱུང་བའི་ཚུན་ལ། ཕྱོགས་གཉིས་ཀྱིས་དུས་ཡུན་ཐུང་ངུའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཐེངས་མང་བཀོད་ཀྱང་རྒྱུན་འཁྱོངས་བྱེད་ཐུབ་མེད། སུའུ་ཏན་འཕྲོད་བསྟེན་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། འཁྲུག་རྩོད་དེ་ལས་མི་སྟོང་གསུམ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་ལྷག་ལ་རྨས་ཕོག་ཡོད། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། འཁྲུག་རྩོད་དེ་ལས་མི་ས་ཡ་གཉིས་དང་འབུམ་ལྔ་ལྷག་ཡུལ་འཁྱམ་བྱེད་དགོས་བྱུང་ཡོད།
སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བཅས་ཀྱི་མགོ་ཁྲིད་པས་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ཨེ་ཅིབ་ཀྱི་ཁེ་རོ་ནས་སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་བསྡུས། ཚོགས་འདུ་གྲོལ་རྗེས་སྤེལ་བའི་སྤྱི་སྒྲོག་ལས་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་སུའུ་ཏན་ལས་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་པ་དང་། སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གིས་མྱུར་མོར་གྲོས་མོལ་བྱས་ཏེ་ཞི་བའི་སྒོ་ནས་འཁྲུག་རྩོད་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།