ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་མངའ་སྡེའི་ལྷོ་ཕྱོགས་མཚོ་ཁོངས་སུ་ཚེས་བཅོ་ལྔ་ཉིན་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་བ་དང་། རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་ཡོད། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་ཡོམ་དེ་ས་དེའི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་ཞེ་བརྒྱད་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་ཨ་ལཱ་སི་ཅཱ་མངའ་སྡེའི་སིང་ཏི་པའོ་ཡུན་ཐི་ལྷོ་ངོས་ཀྱི་སྤྱི་ལེ་གོ་བརྒྱད་མཚམས་ཀྱི་མཚོ་ཁོངས་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་གཉིས་ལྷག་ཡོད་པ་རེད།
ཨ་ལཱ་སི་ཅཱ་མངའ་སྡེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་ལིའུ་ཧྲིན་གླིང་ཚོམ་དང་ཨ་ལཱ་སི་ཅཱ་ཕྱེད་གླིང་། ཁུའུ་ཁི་མཚོ་ཁུགས་ས་ཁུལ་བཅས་སུ་ས་ཡོམ་གྱི་ཚོར་སྣང་བྱུང་ཡོད།
ས་ཡོམ་བྱུང་རྗེས། ཨ་མེ་རི་ཁ་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་རྒྱལ་ཁབ་མཚོ་འཕྱུར་ཉེན་བརྡའི་ལྟེ་གནས་ཀྱིས་ཨ་ལིའུ་ཧྲིན་གླིང་ཚོམ་ཤར་ངོས་ཀྱི་ཝུའུ་ནེ་མཱ་ཁི་མཚོ་འགག་ནས་ཆི་ཀི་ནེ་ཁི་མཚོ་ཁུགས་བར་གྱི་ཨ་ལཱ་སི་ཅཱ་ལྷོ་ངོས་ཀྱི་མཚོ་འགྲམ་ས་ཁུལ་དུ་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་བར་མ་ཟད། ས་དེའི་སྡོད་དམངས་དག་ཡུལ་བབ་མཐོ་སར་སོང་ནས་ཉེན་ཡོལ་བྱེད་དགོས་པའི་རེ་བ་བཏོན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།