ཀྲུང་གོ་དང་ཁི་ལོ་ཏི་ཡཱའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་བྱ་འགུལ་ཐེངས་བཞི་བ་སྤེལ་མགོ་བརྩམས།
2023.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཀྲུང་གོ་དང་ཁི་ལོ་ཏི་ཡཱའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་བྱ་འགུལ་ཐེངས་བཞི་བ་སྤེལ་མགོ་རྩོམ་པའི་མཛད་སྒོ་དེ་ཚེས་བཅུ་དྲུག་ཉིན་ཁི་ལོ་ཏི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ནས་སྤེལ། མཉམ་འབྲེལ་སྐོར་གཡེང་ལ་ཞུགས་པའི་ཀྲུང་གོའི་ཉེན་རྟོག་མི་སྣ་བརྒྱད་ཀྱིས་ཁི་ལོ་ཏི་ཡཱའི་རྒྱལ་ས་སཱ་ཀི་ལེ་པུའུ་སོགས་ས་ཆ་ནས་དུས་ཡུན་ཟླ་ངོ་གཅིག་གི་རིང་ལ་ཉེན་དོན་མཉམ་འབྲེལ་སྐོར་གཡེང་བྱ་འགུལ་སྤེལ་རྒྱུ་རེད།

ཐེངས་འདིར་ཁི་ལོ་ཏི་ཡཱ་རུ་ཡོང་ནས་མཉམ་འབྲེལ་སྐོར་གཡེང་ལ་ཞུགས་པའི་ཀྲུང་གོའི་ཉེན་རྟོག་མི་སྣ་བརྒྱད་ནི་སོ་སོར་ཀྲུང་གོའི་ཐེན་ཅིན་དང་ཧྲང་ཧེ། ཅང་ཞི། ཧི་ནན། ཧུའུ་པེ་སོགས་ས་ཁུལ་ནས་ཡོང་བ་དང་། གཞི་རིམ་གྱི་བྱ་བའི་ཉམས་མྱོང་དང་ཁྲིམས་བསྟར་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། སཱ་ཀི་ལེ་པུའུ་ལས་གཞན་ཁོ་ཚོས་ད་རུང་ཀྲ་ཏཱ་ཨར་གྲོང་ཁྱེར་དང་ཕུའུ་ལེ་ཐི་ཝེ་ཚེ་མཚེའུ་རྒྱལ་ཁབ་སྤྱི་གླིང་། ཏུའུ་པུའུ་ལོ་ཧྥུའུ་ནེ་ཁི་གྲོང་ཁྱེར་བཅས་སུའང་ཉེན་དོན་མཉམ་འབྲེལ་སྐོར་གཡེང་བྱ་འགུལ་སྤེལ་རྒྱུ་རེད།

ཁི་ལོ་ཏི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཆི་ཆན་ཅིན་གྱིས་བྱ་འགུལ་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོ་དང་ཁི་ལོ་ཏི་ཡཱའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་གིས་ཕན་ནུས་ལྡན་པའི་སྒོ་ནས་ཀྲུང་གོའི་གནས་སྐོར་བའི་ཁི་ལོ་ཏི་ཡཱའི་གནས་སྐོར་མྱོང་རོལ་མཐོར་འདེགས་བྱས་ཡོད་པ་དང་། ཀྲུང་གོ་དང་ཁི་ལོ་ཏི་ཡཱའི་གནས་སྐོར་མཉམ་ལས་དྲིལ་སྒྲོག་དང་དེར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོས་ཁི་ལོ་ཏི་ཡཱ་དང་བཅས་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་བར་གཉིས་ཕན་མཉམ་རྒྱལ་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། ཉེན་དོན་མཉམ་འབྲེལ་སྐོར་གཡེང་ནི་ཀྲུང་གོ་དང་ཁི་ལོ་ཏི་ཡཱའི་མཛའ་འབྲེལ་གྱི་བསྡུས་གཟུགས་ལྟ་བུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཁི་ལོ་ཏི་ཡཱ་དང་ལག་རྡང་སྦྲེལ་ནས་བསྟུད་མར་སྲོལ་རྒྱུན་གྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་མཉམ་ལས་སྦས་ཤུགས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ། ཀྲུང་གོ་དང་ཁི་ལོ་ཏི་ཡཱའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁི་ལོ་ཏི་ཡཱའི་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡི་རྒྱལ་སྤྱིའི་མཉམ་ལས་ཁྲུའུ་ཡི་འགན་ཁུར་བ་ལོ་ཞེ་ཆི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོར་ཐོག་དང་པོར་ཁི་ལོ་ཏི་ཡཱ་དང་ཀྲུང་གོའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་བྱ་འགུལ་སྤེལ་བའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་ཉེན་རྟོག་པས་མཉམ་ལས་བཟང་བོ་བྱས་པ་དང་། ཁི་ལོ་ཏི་ཡཱ་ཡིས་བདེ་འཇགས་ཀྱི་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་བཞག་ཡོད་ཟེར། མོས་ད་ལོ་དང་སྔོན་ཆད་ཁི་ལོ་ཏི་ཡཱ་དང་ཀྲུང་གོའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་བྱ་འགུལ་ལ་ཞུགས་པའི་ཀྲུང་གོའི་ཉེན་རྟོག་པ་ཚང་མར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

ཀྲུང་གོའི་མཉམ་འབྲེལ་སྐོར་གཡེང་རུ་ཁག་གི་འཐུས་མི་ཞུའུ་ཅན་ཅུན་གྱིས་བཤད་རྒྱུར། རུ་མི་ཚང་མས་ཁི་ལོ་ཏི་ཡཱའི་ལས་རོགས་བར་རོགས་ལས་གང་ལེགས་བྱེད་པ་དང་། ཤུགས་ཆེན་པོས་ཁི་ལོ་ཏི་ཡཱ་རུ་ཡོང་བའི་ཀྲུང་གོའི་གནས་སྐོར་བ་དང་ཁི་ལོ་ཏི་ཡཱ་རུ་ཡོད་པའི་ཀྲུང་གོ་བར་ཞབས་ཞུ་བྱ་བ་བཟང་བོར་བསྒྲུབས་ཏེ། གནས་སྐོར་དུས་ཚིགས་སུ་ཁི་ལོ་ཏི་ཡཱ་རུ་ཡོད་པའི་ཀྲུང་གོའི་གནས་སྐོར་བ་དང་ཕྱི་སྡོད་རང་མིའི་བདེ་འཇགས་ཚོར་བ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།