མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅུ་བདུན་ཉིན་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པར་སྣུམ་འདྲུད་གྲུ་གཟིངས་ཤིག་བརྒྱུད་སྤྲོད་བྱས་ཏེ། རྙིང་ཞན་དུ་གྱུར་བའི་གནད་དོན་ཚབས་ཆེ་བའི་སཱ་ཧྥེ་ཨར་རྟགས་ཅན་གྱི་སྣུམ་གསོག་གྲུ་གཟིངས་སྟེང་གི་མ་བཅོས་རྡོ་སྣུམ་ས་ཡ་གཅིག་དང་འབུམ་གཅིག་ཙམ་ཡོད་པ་དེ་ལེན་པའི་ཐད་དུ་བཀོལ།
ནོའུ་ཏིས་ཁཱ་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་ཆེ་བ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ད་ལོའི་ཟླ་གསུམ་པར་ཉོ་བསྡུ་བྱས་པ་དང་། བཅོས་བསྒྱུར་བྱས་རྗེས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་སཱ་ཧྥེ་ཨར་རྟགས་ཅན་ཡོད་སའི་མཚོ་ཁོངས་སུ་འབྱོར་བ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་མི་ཆོས་རིང་ལུགས་ལས་དོན་གྱི་མཐུན་སྦྱོར་བ་ཀི་ལོས་སི་ལེ་དང་ཧུའུ་སེ་དྲག་ཆས་པའི་འཐུས་མི་ཚེས་བཅུ་བདུན་ཉིན་ནོའུ་ཏིས་ཁཱ་རྟགས་ཅན་གྱི་གྲུ་གཟིངས་བརྒྱུད་སྤྲོད་བྱེད་པའི་མཛད་སྒོར་ཞུགས་པ་དང་། སྣུམ་འདྲུད་གྲུ་གཟིངས་དེའི་མིང་ཡེ་མིན་རྟགས་ཅན་དུ་བསྒྱུར་བ་རེད།
མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་གཟའ་འཁོར་སྔོན་མར་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གདན་ཞུ་བྱས་པའི་ཚོགས་ཁག་གིས་ཉེ་སྔོན་ནས་བཟུང་སཱ་ཧྥེ་ཨར་རྟགས་ཅན་གྱི་གྲུ་གཟིངས་སྟེང་གི་མ་བཅོས་རྡོ་སྣུམ་དེ་ཡེ་མིན་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་སྟེང་ལེན་བཞིན་ཡོད། ཚོད་དཔག་བྱས་ན་བྱ་འགུལ་དེ་གཟའ་འཁོར་གཉིས་འགོར་སྲིད། མ་བཅོས་རྡོ་སྣུམ་ཚང་མ་བླངས་རྗེས་ཡེ་མིན་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་དེ་སྔོན་གྱི་གནས་དེར་སྡོད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།