ཚེས་བཅུ་བདུན་ཉིན་ཧན་གོའི་ཀྲུང་དབྱང་གནོད་འཚེ་བདེ་འཇགས་ཐབས་ཇུས་ལས་དོན་པུའུ་ཡིས་སྤྱི་སྒྲོག་སྤེལ་ནས་བཤད་རྒྱུར། ས་གནས་དེ་གའི་དུས་ཚོད་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་བར། ཉིན་མང་པོར་དྲག་ཆར་བབས་པ་ལས་རྒྱལ་ཡོངས་སུ་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་བཞིར་རྨས་སྐྱོན་ཕོག་ཡོད་ལ། མི་དགུ་གར་སོང་རྙེད་མེད།
ཧན་གོའི་ས་ཁུལ་མང་པོར་ཉིན་འགའི་རིང་བསྟུད་མར་ཆར་པ་ཆེན་པོ་བབས་པ་མ་ཟད། རི་ཉིལ་བ་དང་འདམ་གསེག་ཆུ་རུད་བྱུང་ནས་ཁང་པ་རྡིབས་པ་དང་། རླངས་འཁོར་ལ་གཏོར་བརླག་ཐེབས་ལ། ཞིང་ལས་ལོ་ཏོག་ཆུས་བསྣུབས་ཡོད། ཀྲུང་ཆིང་བྱང་ལམ་ཆིང་ཀྲོའུ་གྲོང་ཁྱེར་དུ་རླངས་འཁོར་བཅུ་ལྷག་ཙམ་ས་འོག་རྒྱུ་ལམ་དུ་ཁེགས་ནས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་ཡོད།
ཀྲུང་དབྱང་གནོད་འཚེ་བདེ་འཇགས་ཐབས་ཇུས་ལྟེ་གནས་ནས་བཤད་རྒྱུར། མིག་སྔར་ཁྱིམ་ཚང་སྟོང་དྲུག་ལྷག་ཙམ་བདེ་འཇགས་ས་ཁུལ་དུ་བསྐྱལ་བ་དང་ཁྱོན་བསྡོམས་མི་ཁྲི་གཅིག་ལྷག་ཙམ་ཡོད་པ་རེད། ས་ཆ་མང་པོ་ཞིག་གི་གཞུང་ལམ་འགྲིམ་འགྲུལ་བཀག་སྡོམ་བྱས་པ་ཡོད་ལ། ཚེས་བཅུ་བདུན་ཉིན་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་མེ་འཁོར་སྐོར་ཞིག་གཏོང་མཚམས་བཞག་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།