ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་དང་ཨུ་རུ་སིའི་ཞིང་ལས་ཐོན་རྫས་དག་རྒྱལ་སྤྱིའི་ཚོང་རར་འདྲེན་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།
2023.07.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་དང་ཨུ་རུ་སིའི་ཞིང་ལས་ཐོན་རྫས་དག་བདེ་བླག་ངང་རྒྱལ་སྤྱིའི་ཚོང་རར་འདྲེན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་རང་ཨུ་རུ་སི་ཡིས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྱི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པར་འཕང་སེམས་ཆེན་པོ་སྐྱེས་ཡོད། ཨུ་རུ་སི་ཡིས་ཆོད་དོན་དེ་འདྲ་སྤེལ་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་ཐོན་རྫས་དག་བདེ་བླག་ངང་རྒྱལ་སྤྱིའི་ཚོང་རར་འདྲེན་པར་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁི་ལེ་ཞི་ཡིས་ཚེས་བཅུ་བདུན་ཉིན་མགྲིན་ཚབ་པ་ཁུའུ་པུས་ཡཱ་ཁི་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨུ་རུ་སིའི་མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྱི་གྲོས་མཐུན་ལག་བསྟར་བྱེད་མཚམས་བཞག་པར་ཡིད་འཕང་བའི་ཚུལ་བསྟན་པ་དང་། ཕྱོགས་སོ་སོ་ཡང་བསྐྱར་གྲོས་མོལ་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་བསྟན་དོན། མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྱི་གྲོས་མཐུན་གྱི་ཨུ་རུ་སིར་འབྲེལ་བའི་ཁག་དེ་ལག་བསྟར་བྱེད་ཐུབ་མེད་པས། གྲོས་མཐུན་དེ་ལག་བསྟར་བྱེད་མཚམས་བཞག་པ་ཡིན་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེ་དང་ཝུའུ་ཁི་ལན། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་སྙན་ཞུ་བྱས་ཡོད་ལ། མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྱི་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུ་མིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།