ཚེས་བཅུ་བདུན་ཉིན་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྱི་གྲོས་མཐུན་ལག་བསྟར་བྱེད་མཚམས་བཞག་ཡོད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། གྲོས་མཐུན་དེའི་ཡུན་ཚད་ཚེས་བཅུ་བདུན་ཉིན་ལོངས་པ་དང་། གྲོས་མཐུན་ནང་ཨུ་རུ་སུར་འབྲེལ་བ་ཡོད་པའི་ཁག་དེ་ལག་བསྟར་བྱེད་ཐུབ་མེད་པས་གྲོས་མཐུན་དེ་ལག་བསྟར་བྱེད་མཚམས་བཞག་པ་ཡིན་ཟེར། ཁོས་ད་རུང་གྲོས་མཐུན་དེའི་ནང་གི་ཨུ་རུ་སིར་འབྲེལ་བ་ཡོད་པའི་ཁག་དེ་དོན་འཁྱོལ་ཐུབ་ཚེ་ཨུ་རུ་སུ་ཕྱོགས་ཀྱིས་འཕྲལ་དུ་གྲོས་མཐུན་དེ་སླར་གསོ་བྱས་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་ནན་གྱིས་བསྟན།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེ་དང་ཝུའུ་ཁི་ལན། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་སྙན་ཞུ་བྱས་ཡོད་ལ། མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྱི་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུ་མིན་ཟེར།
ཨུ་རུ་སུ་དང་ལྦུའུ་ཁི་ལན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྱི་གནད་དོན་ཐད་ནས་ཐུར་ཁེ་དང་མཉམ་འབྲེལ་རྒྱལ་ཚོགས་བར་འབྲེལ་ཡོད་གྲོས་མཐུན་བཀོད་པ་དང་གྲོས་མཐུན་གྱི་ནུས་ལྡན་ལག་བསྟར་ཡུན་ཚད་ཉིན་བརྒྱ་དང་ཉི་ཤུ་ཡིན་པ་དང་། གྲོས་མཐུན་དེ་ན་ནིང་ཟླ་བཅུ་གཅིག་པ་དང་། ད་ལོའི་ཟླ་གསུམ་པ། ཟླ་ལྔ་བ་བཅས་ལ་ཐེངས་མང་བོར་རྒྱུན་བསྲིངས་བྱས་པར་མ་ཟད། ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ནུས་ལྡན་དུས་ཡུན་ལོངས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།