ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་རིགས་སློབ་གསོའི་མཉམ་ལས་སྦྲེལ་མཐུད་ཚོགས་འདུ་ཚེས་བཅུ་བདུན་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བསྡུས་པ་དང་། ཀྲུང་གོའི་སློབ་གསོའི་རྒྱལ་སྤྱིའི་བརྗེ་རེས་མཐུན་ཚོགས་དང་ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ། ཨེ་ཅིབ་ཀྱི་མཐོ་རིམ་སློབ་གསོའི་ཞིབ་འཇུག་པུའུ། དེ་མིན་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སློབ་གསོའི་སློབ་གླིང་གི་འཐུས་མི་བཅས་ཚོགས་འདུར་ཞུགས་ཏེ། མཉམ་དུ་མ་འོངས་པའི་མཉམ་ལས་གོ་སྐབས་ལ་གྲོས་བསྡུར་བྱས།
ཀྲུང་གོའི་སློབ་གསོའི་རྒྱལ་སྤྱིའི་བརྗེ་རེས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སུང་ཝ་ཡིས་བསྟན་དོན། ལས་རིགས་སློབ་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམ་དུ་སྦྲེལ་ཡོད་ལ། ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་། མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།
ཀྲུང་གོས་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཕྱིའི་ལས་རིགས་སློབ་གསོའི་བརྗེ་རེས་དང་མཉམ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་རིགས་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་ཧ་ཅང་རྒྱ་ཆེ་བས། སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།
ཨེ་ཅིབ་ཀྱི་མཐོ་རིམ་སློབ་གསོའི་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་གི་ལག་རྩལ་སློབ་གསོའི་བློ་འདོན་པ། ཨེ་དབྱིན་ཞཱ་མུའུ་སི་སློབ་ཆེན་བཟོ་སྐྲུན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཨེ་ཧཱ་མེད་ཏི་སཱ་པཱ་ཀི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ལས་རིགས་སློབ་གསོའི་མཉམ་ལས་དེ་ཨེ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཨེ་ཅིབ་ཀྱིས་ཤུགས་ཆེན་པོས་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བཞིན་ཡོད་ལ། ཨེ་ཅིབ་དང་ཀྲུང་གོའི་བར་ཁྱབ་ཁོངས་དེར་མཉམ་ལས་སྦས་ཤུགས་ཆེན་པོ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།