མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱུན་མཐུད་འཕེལ་རྒྱས་ཐད་ཉེན་ཁ་གནས་པས་རྒྱལ་ཁབ་སོ་སོས་འགུལ་སྐྱོད་ལ་ཤུགས་སྣོན་དགོས་པའི་ཚུལ་བསྟན།
2023.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བདུན་ཉིན་ཉེན་བརྡ་བཏང་སྟེ། འཛམ་གླིང་ཧྲིལ་བོ་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུ་ལམ་དང་ཁ་གྱེས་པའི་སྣང་ཚུལ་ཚབས་ཆེན་ཡིན་པས། ཁོས་རྒྱལ་ཁབ་སོ་སོས་ཉིས་སྟོང་ཉེར་གསུམ་ལོར་བྱ་བ་བཟང་བོར་བསྒྲུབས་ནས་ད་ལྟ་ཉིད་དུ་འགུལ་སྐྱོད་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཕྱེད་ཀའི་ཡན་གྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་འཕེལ་རྒྱས་དལ་བ་དང་། སུམ་ཆའི་གཅིག་གི་དམིགས་འབེན་མཚམས་བཞག་པའང་ཉམས་དམས་སུ་གྱུར་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དྲོད་ཁང་གི་དྲོད་རླངས་ཕྱིར་གཏོང་ཚད་བསྟུད་མར་ཇེ་མཐོར་འགྲོ་བ་དང་། འདྲ་མཉམ་མིན་པའི་སྣང་ཚུལ་ཆེན་པོ་སྔར་བཞིན་གནས་ཡོད་ལ། ལྟོགས་སྡུག་མྱོང་བའི་གནས་ཚུལ་དེ་སྔར་བཞིན་ཉིས་སྟོང་ལྔ་ལོའི་ཆུ་ཚད་དུ་གནས་པ་དང་། ད་ལྟའི་འཕེལ་ཚད་ལྟར་ན་ཉིས་སྟོང་སུམ་ཅུ་ལོའི་བར་སྔར་བཞིན་མི་དུང་ཕྱུར་དྲུག་ཙམ་ཆེས་དབུལ་ཕོངས་ཀྱི་གནས་སུ་ཡོད་ངེས་རེད་ཟེར། ཁོས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་དང་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་ནམ་ཟླའི་ཉམས་ཉེན་དང་རྒྱ་ཆེ་བའི་འཁྲུག་རྩོད་སོགས་ཀྱིས་ཚད་ཡོད་པའི་གྲུབ་འབྲས་ལ་བཀག་རྒྱ་ཚབས་ཆེན་བཟོས་ཡོད་ཟེར།

ཁོས་མིག་སྔར་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མ་དངུལ་ཆད་ཚད་རིམས་ནད་སྔོན་གྱི་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ནས་མེ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ཙམ་ལ་འཕར་ཡོད་པའི་ཉེན་བརྡ་བཏང་།

ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་། ཁོས་རྒྱལ་ཁབ་སོ་སོས་ཟླ་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་སྟེང་འཆར་གཞི་དང་དམ་བཅའ་གསལ་བསྒྲགས་བྱས་ནས། ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་རྒྱལ་ཁབ་རང་གི་འགུལ་སྐྱོད་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ནམ་ཟླའི་དངུལ་གསོག་ཐད་ཀྱི་དམ་བཅའ་ལག་བསྟར་བྱེད་དགོས་པར་བཤད་པ་དང་། དེའི་ནང་ད་ལོར་སྟེར་བར་ཁས་ལེན་བྱས་པའི་མེ་སྒོར་ཁྲག་ཁྲིག་གཅིག་འདུས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། བཅོས་བསྒྱུར་བྱས་ན་འཕྱིས་མེད་པ་དང་། རྒྱལ་ཁབ་སོ་སོས་དུས་ཚོད་དམ་འཛིན་བྱས་ནས་དམ་བཅའ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།