མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ལས་དོན་ཁང་གི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་མེ་སྒོར་ས་ཡ་གཉིས་ཀྱི་བྲེལ་མྱུར་འབྲུ་རིགས་རོགས་སྐྱོར་འབྱོར་ཡོད་པ་དང་། དངོས་རྫས་དེ་དག་བསྟུད་མར་ཨ་ཧྥུའུ་ཧན་གྱི་མང་ཚོགས་ཁྲི་བདུན་ལ་བགོས་ནས་ས་དེའི་འབྲུ་རིགས་ཉམས་ཉེན་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར།
འཛམ་གླིང་འབྲུ་རིགས་འཆར་འགོད་ལས་དོན་ཁང་གི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་སྒྲུབ་ཁང་གི་ལས་གཞིའི་ཀྲུའུ་རིན་ལིའུ་ཞོས་རོང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རོགས་སྐྱོར་དངོས་རྫས་དེ་ནང་གྲོ་ཕྱེ་དང་སྲན་ཆུང་། སྐྱེ་དངོས་ཀྱི་སྣུམ། ཁ་ཟས་ཀྱི་ཚྭ་སོགས་འདུས་པ་དང་། ས་དེའི་དབུལ་ཕོངས་མང་ཚོགས་ཁྲི་བདུན་གྱི་ཟླ་ངོ་གཉིས་ཀྱི་དགོས་མཁོ་བསྐང་ཐུབ་ཟེར།
ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཡུས་ཀྱིས་བཤད་རྒྱུར། ཀྲུང་གོ་དང་ཨ་ཧྥུའུ་ཧན་ནི་རི་ཆུ་གཅིག་འབྲེལ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་རྒྱུན་རིང་བའི་མཛའ་བརྩེ་ཡོད་ལ། ད་ལོར་ཀྲུང་གོས་མུ་མཐུད་དུ་འཛམ་གླིང་འབྲུ་རིགས་འཆར་འགོད་ལས་དོན་ཁང་བར་མཉམ་ལས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་ཚོགས་པ་བརྒྱུད་དེ་ཨ་ཧྥུའུ་ཧན་མི་དམངས་ལ་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན། དེ་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་དངོས་འབེབས་བྱེད་པ་དང་། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་དགོངས་པ་དར་སྤེལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་ཟེར།
འཛམ་གླིང་འབྲུ་རིགས་འཆར་འགོད་ལས་དོན་ཁང་གི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་སྒྲུབ་ཁང་གིས་ཟླ་དྲུག་པར་སྤེལ་བའི་སྙན་ཞུ་ལྟར་ན། ཚོད་དཔག་བྱས་ན་ད་ལོའི་ཟླ་ལྔ་བ་ནས་ཟླ་བཅུ་བའི་བར། ཨ་ཧྥུའུ་ཧན་མངའ་ཁོངས་ཀྱི་མི་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གསུམ་འབྲུ་རིགས་དཀོན་པའི་གནད་དོན་ལ་འཕྲད་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།