ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། ཧའོ་ཨར་མུའུ་ཙི་མཚོ་འགག་ཏུ་དམག་གྲུ་གཅིག་དང་འཐབ་འཛིང་གནམ་གྲུ་འགའ་ཁ་སྣོན་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་དམག་དཔུང་གི་དམག་དོན་ཁ་སྣོན་བྱ་བ་དེར་དམིགས་ནས་དབྱི་ལིང་གིས་ཨ་མེ་རི་ཁས་དཀྲུག་འཕེན་རང་བཞིན་ལྡན་ཞིང་འཛུགས་སྐྲུན་རང་བཞིན་མི་ལྡན་ལ། གཏན་འཇགས་ལ་གཏོར་བརླག་གཏོང་བའི་འགུལ་སྐྱོད་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།
ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་གསར་འགྱུར་དྲུང་ཡིག་གཞོན་པ་སཱ་པུའུ་ལོས་ནཱ་ཞིན་ཀི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏེན་གྱིས་བཀའ་རྒྱ་བཏང་སྟེ་ཧའོ་ཨར་མུའུ་ཙི་མཚོ་འགག་ཏུ་དམག་གྲུ་གཅིག་དང་འཐབ་འཛིང་གནམ་གྲུ་འགའ་བཀོད་སྒྲིག་བྱེད་པའི་རེ་བ་བཏོན་ཡོད།
ཐེངས་འདིར་བཀོད་སྒྲིག་བྱས་པའི་དམག་གྲུ་དང་འཐབ་འཛིང་གནམ་གྲུ་ནི་ཨ་མེ་རི་ཁས་མིག་སྔར་ས་ཁུལ་དེར་བཏང་བའི་དམག་དོན་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་ཁ་སྣོན་བྱས་པ་ཡིན་ལ། འབྱོར་བའི་དུས་ཚོད་ནི་ཆོད་དོན་དེ་སྤེལ་མཁན་གྱི་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་དམག་དོན་སྟོབས་ཤུགས་དེ་དག་གི་བཀོད་སྒྲིག་དུས་ཡུན་ལ་དཔྱད་འཇོག་བྱེད་བཞིན་ཡོད་པ་དང་། མིག་སྔར་དུས་ཚོད་རེའུ་མིག་གཏན་འཁེལ་བྱས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།