ཨུ་རུ་སི་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྱི་ཚབ་བྱེད་ཇུས་གཞིར་གྲོས་བསྡུར་བྱས།
2023.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་ལ་ཁ་པར་བཏང་སྟེ། ཨུ་རུ་སི་ཡིས་མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ལག་བསྟར་བྱེད་མཚམས་བཞག་རྗེས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་མཁོ་གལ་ཆེ་བའི་རྒྱལ་ཁབ་ལ་འབྲུ་རིགས་མཁོ་འདོན་བྱེད་པའི་ཚབ་བྱེད་ཇུས་གཞིར་གྲོས་བསྡུར་བྱས།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཧྥེ་ཏན་གྱིས་ཉིན་དེར་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཁ་པར་བཏང་སྟེ། མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ཀྱི་འབྲེལ་ཡོད་གླེང་གཞིར་གྲོས་བསྡུར་བྱས་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་གྱི་གནས་བབ་ཀྱི་གནས་ཚུལ་གསར་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།

གྲོས་མཐུན་གྱི་ཚབ་བྱེད་ཇུས་གཞི་ལ་དམིགས་ནས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་འཛམ་གླིང་སྟེང་གི་འབྲུ་རིགས་མཁོ་གལ་ཆེ་བའི་རྒྱལ་ཁབ་ལ་འབྲུ་རིགས་འདོན་སྤྲོད་བྱེད་པའི་ཇུས་གཞི་གཞན་པར་གྲོས་བསྡུར་བྱས་པ་དང་། ཇུས་གཞི་དེ་དག་ལ་ཝུའུ་ཁི་ལན་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཏོར་བརླག་ཐེབས་མི་སྲིད་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ཁྲོད་ཨུ་རུ་སིར་འབྲེལ་བའི་ཁག་དེ་དངོས་འབེབས་བྱས་མེད་པས་ཨུ་རུ་སི་ཡིས་གྲོས་མཐུན་དེ་ལག་བསྟར་བྱེད་རྒྱུ་མིན་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་གི་མགྲིན་ཚབ་པ་ནེ་ཅི་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་གྲོས་མཐུན་ལས་ཕྱིར་བུད་པའི་གནས་ཚུལ་འོག་མུ་མཐུད་དུ་མཚོ་ནག་གྲུ་ཁ་བརྒྱུད་དེ་འབྲུ་རིགས་ཕྱིར་གཏོང་བྱས་ཆོག་པར་རེ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།