མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཐོག་མ་ཚེས་བཅུ་དགུ་ཉིན་སོ་ཏི་ཨ་རབ་ནུབ་ངོས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཅི་ཏཱ་ནས་བསྡུས། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གྲོས་མོལ་དང་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་ནན་བཤད་བྱས་ཡོད།
སོ་ཏི་ཨ་རབ་དང་པཱ་ལིན། ཨ་མན། ཁི་ཝེ་ཐི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁཱ་ཐར་བཅས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དྲུག་དང་། ཝུའུ་ཙི་པེ་ཁི་སི་ཐན་དང་། ཐུའུ་ཁུའུ་མན་སི་ཐན། ཐཱ་ཅི་ཁི་སི་ཐན། ཅིར་ཅི་སི་སི་ཐན། ཧཱ་སག་སི་ཐན་བཅས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་མགོ་གཙོ་དང་སྲིད་གཞུང་གི་འཐུས་མི། དེ་མིན་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་པུའུ་ཏཱ་ཝེ་བཅས་སྐབས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས།
མཉམ་འབྲེལ་གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཕྱོགས་གཉིས་དང་ཕྱོགས་མང་བོའི་ཆབ་སྲིད་གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ་ས་ཁུལ་དང་རྒྱལ་སྤྱིའི་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱས་ནས། འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་པ་དང་། དེའི་ཞོར་དུ་མཁོ་འདོན་མུ་རྒྱུན་དང་དངོས་སྐྱེལ། འཕྲིན་གཏོང་། འབྲུ་རིགས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ལྷད་མེད་དང་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ཚོང་ལས་དང་དངུལ་གཏོང་གི་གོ་སྐབས་ཇེ་མང་དུ་གཏོང་དགོས་ཟེར།
སྐབས་རྗེས་མའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཉིས་སྟོང་ཉེར་ལྔ་ལོར་ཝུའུ་ཙི་པེ་ཁི་སི་ཐན་གྱི་སཱ་མཱ་ཨར་ཧན་ནས་བསྡུ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།