ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མིས་བཟོས་རིག་གནས་དང་བདེ་འཇགས་གནད་དོན་གྱི་མཐོ་རིམ་ཚོགས་འདུར་ཞུགས་སྐབས་གཏམ་བཤད་སྤེལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མིས་བཟོས་རིག་གནས་དང་བདེ་འཇགས་གནད་དོན་གྱི་མཐོ་རིམ་ཚོགས་འདུར་ཞུགས་སྐབས། མིས་བཟོས་རིག་གནས་ལག་རྩལ་གྱི་ཉེན་ཁ་དོ་དམ་ཚོད་འཛིན་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གསར་དུ་བཙུགས་ནས་མིས་བཟོས་རིག་གནས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐོག་དང་པོར་མིས་བཟོས་རིག་གནས་ཀྱི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་ཤུགས་རྐྱེན་ལ་དམིགས་ནས་ཚོགས་འདུ་བསྡུས་པ་རེད།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཕེལ་རྒྱས་མགྱོགས་པའི་མིས་བཟོས་རིག་གནས་ལག་རྩལ་གྱིས་སྤྱི་ཚོགས་ཐོན་སྐྱེད་ཐད་ཤུགས་རྐྱེན་མངོན་གསལ་ཐེབས་ཡོད་ཀྱང་། ལག་རྩལ་དེས་མ་འོངས་པར་མཇུག་འབྲས་ཅི་འདྲ་ཞིག་འབྱུང་བ་གསལ་བོར་མི་ཤེས་པ་དང་། ཐ་ན་མིས་བཟོས་རིག་གནས་ཀྱི་གསར་སྤེལ་མཁན་ལའང་གསལ་ཆ་མེད། ད་ལྟ་མིས་བཟོས་རིག་ནུས་དེ་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ལ་འབྲེལ་བ་ཡོད་ཅིང་། མིས་བཟོས་རིག་གནས་དེ་སྔར་ལས་མང་བོའི་སྒོ་ནས་ཞི་བདེ་སྲུང་སྐྱོབ་དང་འདུམ་འགྲིག མི་ཆོས་རོགས་སྐྱོར་སོགས་ཀྱི་ཐད་བཀོལ་བཞིན་ཡོད། ལག་རྩལ་དེ་བསམ་སྦྱོར་ངན་པས་རིགས་ཀྱིས་ཀྱང་བེད་སྤྱོད་བྱས་ཆོག ནག་ཉེས་མཁན་དང་འཇིགས་སྐུལ་ཉེས་ཅན་ལ་མིས་བཟོས་རིག་ནུས་ཀྱི་ལག་རྩལ་ཐོབ་པ་དང་ནོར་སྲིད་ཀྱི་རིམ་པ་ཅུང་དམའ་ན། གལ་སྲིད་ལག་རྩལ་དེ་དམག་དོན་དང་དམག་དོན་མ་ཡིན་པའི་ཁྱབ་ཁོངས་སུ་བེད་སྤྱོད་བྱས་ན་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ཐད་མཇུག་འབྲས་ཚབས་ཆེན་བཟོ་སྲིད་ཟེར།
ཀུའུ་ཐི་ལོས་སི་ཡིས་ད་རུང་མིས་བཟོས་རིག་ནུས་དང་འབྲེལ་བའི་མི་མངོན་པའི་ཉེན་ཁ་གསལ་སྟོན་བྱས། རྗེས་གྲུབ་རྣམ་པ་ཅན་གྱི་མིས་བཟོས་རིག་ནུས་ཀྱིས་བརྡ་འཕྲིན་རྫུན་མ་དང་སྡང་སེམས་ཆེ་བའི་གཏམ་སྤྱོད་རྒྱ་ཡན་དུ་གཏོང་སྲིད་པ་དང་། མིས་བཟོས་རིག་ནུས་མ་ལག་རེ་འགའི་བྱེད་ནུས་སྔོན་དཔག་དཀའ་བས། བློ་ཡུལ་ལས་འདས་པའི་བདེ་འཇགས་ཉེན་ཁ་བཟོ་སྲིད། མིས་བཟོས་རིག་ནུས་ལ་འཁོར་སྐྱོད་རྒྱུན་ལྡན་མིན་པའི་ཉེན་ཁ་འབྱུང་སྲིད་ལ། མིས་བཟོས་རིག་ནུས་དང་ཉིང་རྡུལ་མཚོན་ཆ། སྐྱེ་དངོས་ལག་རྩལ། དབང་རྩའི་ལག་རྩལ། འཕྲུལ་མིའི་ལག་རྩལ་བཅས་ཀྱི་ཟུང་འབྲེལ་ལས་ཚང་མར་འཇིགས་དངངས་བཟོ་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། རྗེས་གྲུབ་རྣམ་པ་ཅན་གྱི་མིས་བཟོས་རིག་ནུས་དེར་དགེ་དང་མི་དགེ་ཟུང་ལྡན་གྱི་སྦས་ཤུགས་ཆེན་པོ་ལྡན་པས། གལ་ཏེ་ཉེན་ཁའི་དོགས་ཟོན་བྱེད་ཐབས་མ་སྤྱད་ན་དེང་རབས་དང་ཕྱི་རབས་པར་འགན་འཛོལ་བཟོ་ཉེན་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ནི་མིས་བཟོས་རིག་ནུས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་རྐྱེན་སྲོལ་ལ་གྲོས་བསྡུར་བྱེད་པའི་གནས་མཆོག་ཏུ་གྱུར་བ་ཞིག་ཡིན། རྒྱལ་ཁབ་རེ་འགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཤིག་གསར་འཛུགས་བྱས་ཏེ་མིས་བཟོས་རིག་ནུས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ལ། དོན་དེར་དགའ་བསུ་ཞུ་བཞིན་ཡོད། ལས་ཁུངས་གསར་བའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་སོ་སོས་ཚད་ཆེན་པོའི་སྒོ་ནས་མིས་བཟོས་རིག་ནུས་ལག་རྩལ་བེད་སྤྱོད་བྱེད་པ་དང་། ད་ཡོད་དང་མི་མངོན་པའི་ཉེན་ཁ་གཙང་སེལ་བྱེད་པ་མ་ཟད། རྒྱལ་སྤྱིའི་རྐྱེན་སྲོལ་ལག་བསྟར་བྱས་ཏེ་མིས་བཟོས་རིག་ནུས་ལག་རྩལ་ལ་ལྟ་རྟོག་ཚད་འཇལ་དང་བཅོས་སྐྱོང་བྱེད་རྒྱུ་དེ་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཁོས་མིས་བཟོས་རིག་ནུས་ཀྱི་མཐོ་རིམ་བློ་འདྲིའི་ཨུ་ཡོན་ལྷན་ཁང་འཛུགས་པར་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ལོ་མཇུག་གི་སྔོན་ལ་མིས་བཟོས་རིག་ནུས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཐད་སྲིད་ཇུས་དང་གྲོས་གཞི་འདོན་པའི་འཆར་གཞི་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།