ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་གནད་འཁེལ་མཚོན་ཆ་བེད་སྤྱོད་བྱས་ནས་ཝུའུ་ཁི་ལན་གྱི་ཨོ་ཏི་སཱ་གྲོང་ཁྱེར་ཉེ་འཁོར་གྱི་ཝུའུ་ཁི་ལན་དམག་དཔུང་གི་སྒྲིག་ཆས་སོགས་དམིགས་འབེན་ལ་ཆམ་ཕབ་བཏང་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེའི་ཞོགས་པར་མཚོ་དམག་རྟེན་གཞི་དང་མཁའ་དམག་རྟེན་གཞིའི་གནད་འཁེལ་མཚོན་ཆ་བཀོལ་ནས་ཨོ་ཏི་སཱ་གྲོང་ཁྱེར་ཉེ་འཁོར་གྱི་ཝུའུ་ཁི་ལན་གྱི་དམག་དོན་བཟོ་ལས་དང་འབར་རྫས་སྒྲིག་ཆས། དམག་ཆས་མཛོད་ཁང་། དེ་མིན་ཅི་ཧྥུའུ་ཡི་ལོ་བོ་ཀི་ལེ་མངའ་སྡེ་རུ་ཡོད་པའི་ཁཱ་ནཱ་ཐའོ་བོ་མཁའ་དམག་རྟེན་གཞིར་ཆམ་ཕབ་བཏང་སྟེ། གཏན་འཁེལ་བྱས་པའི་དམིགས་འབེན་ཚང་མར་ཕོག་ཡོད་ལ། ཨུ་རུ་སིའི་དམག་དཔུང་གིས་ཆམ་ཕབ་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།