ནེའུ་ཙེ་ལན་གྱི་གྲོང་ཁྱེར་ཆེན་མོ་ཨང་དང་པོ་ཨོ་ཁི་ལན་གྲོང་ཁྱེར་ལྟེ་གནས་སུ་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ལག་དམར་དང་བཅས་པའི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དྲུག་ལ་རྨས་ཕོག ནེའུ་ཙེ་ལན་གྱི་ཙུང་ལི་ཞེ་ཕུའུ་ཅིན་སི་ཡིས་བཤད་རྒྱུར། ཉིན་དེའི་དགོང་མོའི་ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་རྟགས་མའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོ་དུས་ལྟར་སྤེལ་རྒྱུ་ཡིན་ཟེར།
ཞེ་ཕུའུ་ཅིན་སི་ཡིས་ཉིན་དེར་རྒྱལ་ས་ཧོས་ལིན་ཏོན་ནས་བྲེལ་མྱུར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་བཤད་རྒྱུར། མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་དུ་ལག་དམར་དང་བཅས་པའི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དྲུག་ལ་རྨས་ཕོག་ཡོད། དེའི་ནང་ཉེན་རྟོག་པ་གཅིག་ཡོད་ཟེར། ཁོས་བཤད་རྒྱུར། དེ་ནི་སྤྱིར་བཏང་གི་བདེ་འཇགས་དོན་རྐྱེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་བདེ་འཇགས་རིམ་པར་འགྱུར་ལྡོག་གཏོང་མི་སྲིད་ལ། ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་རྟགས་མའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོ་དུས་ལྟར་སྤེལ་རྒྱུ་ཡིན་ཟེར།
ཉེན་རྟོག་ཕྱོགས་ཀྱིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ཨོ་ཁི་ལན་གྲོང་ཁྱེར་ལྟེ་གནས་ཀྱི་བཟོ་སྐྲུན་ལས་ཡུལ་ཅིག་ནས་བྱུང་བ་རེད། ཨོ་ཁི་ལན་གྱི་ཧྲི་ཀྲང་པུའུ་ལིང་གིས་བཤད་རྒྱུར། ཨོ་ཁི་ལན་གྱི་འགྲིམ་འགྲུལ་སྡེ་ཁག་དང་ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་དང་དེའི་ཉེ་འཁོར་ས་ཁུལ་གྱི་བཀག་སྡོམ་བྱ་བ་ཡོངས་འགྲུབ་བྱས་ཡོད། དོན་རྐྱེན་བྱུང་བའི་དུས་ཚོད་དེ་ཏག་ཏག་ལས་ཚོགས་ལ་འགྲོ་བའི་འཚང་ཁའི་དུས་ལ་འཁེལ་ཡོད་པས། མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར། གྲུ་གཟིངས་མང་བོ་གཏོང་མཚམས་བཞག་པའམ་ཡང་ན་ལམ་ཐིག་བསྒྱུར་ཡོད་སྟབས། འགྲིམ་འགྲུལ་ཐད་ཁེགས་སྐྱོན་ཚབས་ཆེན་བཟོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།