ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་ཧན་གོའི་ཉིང་ནུས་གྲོས་མོལ་ཚན་ཆུང་གི་གྲོས་ཚོགས་དང་ཨ་མེ་རི་ཁའི་འཐབ་ཇུས་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཧན་གོའི་མངའ་ཁོངས་སུ་ཡོང་བར་རྒོལ་གཏམ་དྲག་པོ་བཏང་།
2023.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་རྒྱལ་སྲུང་བློན་ཆེན་ཆང་ཁྲོན་ནན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོས་ཚེས་བཅོ་བརྒྱད་ཉིན་ཉིང་ནུས་གྲོས་མོལ་ཚན་ཆུང་གི་གྲོས་ཚོགས་བསྡུས་པར་རྒོལ་གཏམ་བཏང་བར་མ་ཟད། ཨ་མེ་རི་ཁའི་འཐབ་ཇུས་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཧྥོ་ཧྲན་གྲུ་ཁར་ཡོང་བ་ནི་ཨ་མེ་རི་ཁས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་ཐོག་དང་པོར་ཁྲའོ་ཞན་ཕྱེད་གླིང་དུ་འཐབ་ཇུས་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱས་པ་ཡིན་ལ། དེས་ཁྲའོ་ཞན་ལ་ཐད་ཀར་རམ་མངོན་སུམ་འཛེམ་མེད་ཀྱིས་ཉིང་རྡུལ་ནུས་པའི་འཇིགས་ཉེན་བཟོས་ཡོད་པ་ནན་གྱིས་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་ནུས་པ་ཡོད་པའི་རྒྱལ་ཁབ་ཁྲོད་ཨ་མེ་རི་ཁ་གཅིག་པུས་ངེས་གཏན་གྱི་རྒྱལ་ཁབ་ལ་དམིགས་པའི་ཉིང་རྡུལ་མཚོན་ཆའི་བེད་སྤྱོད་དེ་མངོན་གསལ་དུ་སྲིད་ཇུས་སུ་གཏན་འཁེལ་བྱས་ཡོད། ཨ་མེ་རི་ཁ་དང་དེའི་རྗེས་འདེད་སྟོབས་ཤུགས་ཀྱིས་དམག་དོན་འགུལ་སྐྱོད་ལས་ཁྲའོ་ཞན་ཕྱེད་གླིང་གི་དམག་དོན་བདེ་སྲུང་གནས་བབ་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ཟེར།

ཆང་ཁྲོན་ནན་གྱིས་འཐབ་ཇུས་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་དང་བཅས་པའི་འཐབ་ཇུས་ཐོན་ཁུངས་བཀོད་སྒྲིག་ཇེ་མང་དུ་བཏང་བ་དེ་ཁྲའོ་ཞན་གྱི་ཉིང་རྡུལ་དྲག་ཤུགས་སྲིད་ཇུས་ལས་རྒྱས་བཤད་བྱས་པའི་ཉིང་རྡུལ་མཚོན་ཆའི་བེད་སྤྱོད་ཆ་རྐྱེན་དང་འཚམ་ངེས་རེད་ཅེས་ཨ་མེ་རི་ཁར་ཉེན་བརྡ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཁྲའོ་ཞན་དྲག་ཆས་སྟོབས་ཤུགས་ཀྱིས་འགན་ཁུར་བའི་སྒོ་ནས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་མངའ་ཁོངས་ཆ་ཚང་བ། གཞི་རྩའི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་དུ་ཉིང་རྡུལ་ནུས་པའི་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་དེའི་སྔོན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཧིན་རྡུ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྱི་མཐུན་སྦྱོར་བ་ཁུའུ་ཨར་ཐི་ཁན་པེ་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་ཧན་གོར་འཚམས་འདྲི་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁའི་འཐབ་ཇུས་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཤིག་ཧྥོ་ཧྲན་གྲུ་ཁར་བསྡད་ཡོད་པའི་ཚུལ་བསྟན། ཚེས་བཅུ་དགུ་ཉིན། ཧན་གོའི་ཙུང་ཐུང་ཡུན་ཞེ་ཡའོ་ཧྥོ་ཧྲན་གྲུ་ཁར་བསྡད་ཡོད་པའི་ཨ་མེ་རི་ཁའི་མཚོ་དམག་གི་འཐབ་ཇུས་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཁུན་ཐཱ་ཅི་རྟགས་ཅན་གྱི་སྟེང་དུ་བུད་པ་དང་། ཆུ་འཛུལ་གྲུ་གཟིངས་ཀྱི་ནང་དུ་ལྟ་ཞིབ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།