ཐུར་ཁེའི་ཀྲུང་དབྱང་དངུལ་ཁང་གིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་དོན། གཞི་རྩའི་སྐྱེད་ཀའི་ཚད་དེ་བརྒྱ་ཆའི་བཅོ་ལྔ་ནས་གཞི་གནས་ཉིས་བརྒྱ་དང་ལྔ་བཅུ་ཁ་སྣོན་བྱས་ཏེ་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་ལྔར་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།
ཐུར་ཁེའི་ཀྲུང་དབྱང་དངུལ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དངུལ་ལོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་དངུལ་ལོར་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། གང་མགྱོགས་སྒོས་དངུལ་ལོར་ཚད་བརྒལ་འགྲེམ་པའི་ཚད་ཇེ་དམའ་རུ་བཏང་སྟེ། དངུལ་ལོར་ཚད་བརྒལ་འགྲེམ་པའི་སྔོན་རྩིས་གཏན་འཇགས་ཡོང་བ་དང་དངོས་གོང་ཇེ་མཐོར་འགྲོ་བར་ཚོད་འཛིན་བྱེད་རྒྱུ་ཐག་བཅད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་དངུལ་ལོར་སྲིད་ཇུས་ཀྱི་དུས་ཡུན་འབྲིང་གི་དམིགས་འབེན་ནི་དངུལ་ལོར་ཚད་བརྒལ་འགྲེམ་ཚད་བརྒྱ་ཆའི་ལྔ་ཇེ་དམའ་རུ་གཏོང་རྒྱུ་དེ་ཡིན་པ་དང་། དེ་ལྟར་དགོས་ངེས་ཀྱི་དངུལ་རྩ་དང་དངུལ་ལོར་ཁོར་ཡུག་གསར་གཏོད་བྱེད་རྒྱུ་ཡིན། དངུལ་ལོར་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལ་དགོས་མཁོ་ལྟར་དུས་ལྟར་དང་རིམ་བཞིན་དུ་ཤུགས་སྣོན་བྱས་ཏེ། མ་འོངས་པའི་དངུལ་ལོར་ཚད་བརྒལ་འགྲེམ་ཚད་མངོན་གསལ་གྱིས་ལེགས་བཅོས་བྱེད་རྒྱུ་ཡིན་ཟེར།
ཉིས་སྟོང་ཉེར་གཉིས་ལོའི་ཚུན་ལ། ཐུར་ཁེའི་དངུལ་ལོར་ཚད་བརྒལ་འགྲེམ་ཚད་རྒྱུན་པར་ཧ་ཅང་མཐོ་བ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་བར་བརྒྱ་ཆའི་གྱ་ལྔ་དང་གྲངས་ཆུང་ལྔ་གཅིག་ལ་བསླེབས་ཡོད་ལ། ད་ལོའི་ཟླ་དྲུག་པར་བརྒྱ་ཆའི་སོ་བརྒྱད་དང་གྲངས་ཆུང་གཉིས་གཅིག་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།