ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། མའོ་སི་ཁོའི་དུས་ཚོད་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་ནམ་གུང་ནས་བཟུང་། ཨུ་རུ་སིའི་ཕྱོགས་ཀྱིས་མཚོ་ནག་མཚོ་ཁོངས་ནས་ཝུའུ་ཁི་ལན་གྲུ་ཁར་བགྲོད་པའི་གྲུ་གཟིངས་ཚང་མ་དམག་བཀོལ་དངོས་རྫས་སྐྱེལ་འདྲེན་བྱེད་མཁན་ཡིན་པར་ངོས་འཛིན་བྱེད་ངེས་ཡིན་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དགུ་ཉིན་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ནུས་མེད་དུ་གྱུར་ནས་མཚོ་ཐོག་གི་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་མེད་པར་བཟོས་པས། མའོ་སི་ཁོའི་དུས་ཚོད་ཚེས་ཉི་ཤུ་ཉིན་གྱི་ནམ་གུང་ནས་བཟུང་། ཨུ་རུ་སིའི་ཕྱོགས་ཀྱིས་མཚོ་ནག་མཚོ་ཁོངས་ནས་ཝུའུ་ཁི་ལན་གྲུ་ཁར་བགྲོད་པའི་གྲུ་གཟིངས་ཚང་མ་དམག་བཀོལ་དངོས་རྫས་སྐྱེལ་འདྲེན་བྱེད་མཁན་ཡིན་པར་ངོས་འཛིན་བྱེད་ངེས་ཡིན། གྲུ་གཟིངས་དེ་དག་གི་སྟེང་བཀལ་བའི་རྒྱལ་དར་གྱིས་མཚོན་པའི་རྒྱལ་ཁབ་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཁྲོད་ཝུའུ་ཁི་ལན་གྱི་ཕྱོགས་སུ་ལངས་ཡོངས་པ་མཚོན་ཡོད་ཟེར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ད་རུང་མཚོ་ནག་རྒྱལ་སྤྱིའི་མཚོ་ཁོངས་ཀྱི་ནུབ་བྱང་ཕྱོགས་དང་ཤར་ལྷོའི་ཕྱོགས་ཀྱི་མཚོ་ཁོངས་དེ་གནས་སྐབས་སུ་འགྲུལ་བཞུད་གཏན་འགོག་བྱེད་པའི་ཉེན་ཟོན་ས་ཁུལ་དུ་ཁྱབ་བསྒྲགས་བྱས་ཡོད།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དགུ་ཉིན་སྲིད་གཞུང་གི་ཁོངས་མི་དང་མཉམ་དུ་སྤེལ་བའི་གྲོས་ཚོགས་སྟེང་བཤད་རྒྱུར། མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ལས་ཨུ་རུ་སིའི་ཞིང་ལས་ཐོན་སྐྱེད་ཚོང་བ་དང་ལུད་རྫས་ཁེ་ལས་ལ་གྱོང་གུད་བཟོས་ཡོད། ཨུ་རུ་སིའི་འབྲུ་རིགས་དེ་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་བཞི་བཅུའི་ཕབ་གཅོག་རིན་གོང་གིས་ཕྱིར་གཏོང་བྱེད་བཞིན་ཡོད་པས། ཨུ་རུ་སིའི་ཞིང་བར་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཀྱི་གྱོང་གུད་བཟོས་ཡོད་ཟེར། ཕུའུ་ཅིན་གྱིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་གྱི་སྔར་ཡོད་ཀྱི་མི་ཆོས་རིང་ལུགས་ཀྱི་ངོ་བོ་རྩ་བ་ནས་ཉམས་པར་བྱས་པའམ་འཁྱོག་བརྗོད་བྱས་ཡོད་ལ། འབྲུ་རིགས་དེ་དག་ངེས་པ་དོན་གྱིས་རོགས་རམ་མཁོ་བའི་རྒྱལ་ཁབ་ལ་རོགས་རམ་བྱེད་པའི་ཐད་བཀོལ་མེད་པ་དང་། གྲོས་མཐུན་དེ་འཛམ་གླིང་འབྲུ་རིགས་ཚོང་རའི་སྐབས་འཚོལ་མཁན་ཕྱུག་འགྱུར་བྱེད་པའི་ཡོ་བྱད་ལྟ་བུར་བྱས་ཡོད། མུ་མཐུད་དུ་ད་ཡོད་ཀྱི་རྣམ་པ་ལྟར་གོང་གི་གྲོས་མཐུན་དེ་སྲུང་འཛིན་བྱེད་པར་དོན་སྙིང་ཅི་ཡང་མེད་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མཐུན་དེ་ཡང་བསྐྱར་ལག་བསྟར་བྱེད་པར་བསམ་བློ་གཏོང་སྲིད་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་དེའི་སྔོན་ཨུ་རུ་སིར་ཁས་ལེན་བྱས་པའི་དམ་བཅའ་དག་དངོས་འབེབས་བྱེད་དགོས་ཟེར།
ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅུ་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ཡིན་པའི་སྐོར་ཐེངས་གསར་བའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གསལ་ཁྲ་ལྟར་ན། ཐེངས་འདིར་རོགས་སྐྱོར་བྱས་པའི་མཚོན་ཆ་དང་སྒྲིག་ཆས་ལ་རྒྱལ་ཁབ་ཀྱི་སྔོན་ཐོན་ཡིན་པའི་ས་ངོས་དང་བར་སྣང་གི་འཕུར་མདའི་མ་ལག་དང་དེར་འཚམ་པའི་མདེལ་རྫས། ཁའི་ཞེང་ཚད་ལ་ཧའོ་སྨིད་བརྒྱ་དང་ང་གཉིས་ཡོད་པའི་མེ་སྒྱོགས། མི་བསྡད་མེད་པའི་གནམ་གྲུ། མི་བསྡད་མེད་པའི་གནམ་གྲུར་རྒོལ་བའི་མ་ལག གློག་རྡུལ་འཐབ་འཁྲུག་གི་ཚད་འཇལ་སྒྲིག་ཆས། སྣུམ་སྣོན་རླངས་འཁོར། འཐབ་རྩལ་རླངས་འཁོར་སོགས་འདུས་ཡོད།
ཧྥུན་ལན་གྱིས་ཚེས་བཅུ་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། ཧྥུན་ལན་གྱི་ཐུའུ་ཨར་ཁུའུ་གྲོང་ཁྱེར་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་ལས་གཉེར་ཆོག་མཆན་རྩིས་མེད་དུ་བཏང་བ་དང་། གཞུང་ཚབ་ཁང་དེས་ད་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་བཟུང་ལས་མཚམས་འཇོག་དགོས། ཧྥུན་ལན་ཕྱི་འབྲེལ་པུའུ་ཡིས་ཧྥུན་ལན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོར་གོང་གི་ཆོད་དོན་དེ་དངོས་སུ་བརྡ་བཏང་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།