ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།
2023.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་ནས་ཚེས་ཉི་ཤུ་ཉིན་མུ་འབྲེལ་ཅན་གྱི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཅིག་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཁའེ་པའོ་ཨར་ཚོ་ཁག་ས་ཁུལ་ནས་བྱུང་ཞིང་། རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་མཁན་ཞིག་གིས་ཉེན་རྟོག་ཅུའུ་ཡི་སྒོ་ཁ་ནས་ཉེན་རྟོག་པས་བཀག་སྟེ་ཞིབ་བཤེར་བྱེད་སྐབས་འགད་རྫས་འགས་གཏོར་བཏང་སྟེ། ཉེན་རྟོག་པ་དེ་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དེའི་རྗེས་སུ་ཉེན་རྟོག་པ་མང་བོ་ཡུལ་དངོས་དེར་འདུས་པ་དང་། རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་མཁན་གཞན་པ་ཞིག་གིས་འགད་རྫས་འགས་གཏོར་བཏང་སྟེ། ཉེན་རྟོག་པ་བཅུར་རྨས་ཕོག་པ་དང་། དེའི་ནང་མི་མང་བོའི་རྨས་སྐྱོན་ཚབས་ཆེན་ཡིན་ལ། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་བ་དང་། ཉེན་རྟོག་པ་དང་བདེ་འཇགས་དམག་མི་མང་བོ་དོན་རྐྱེན་བྱུང་སར་འབྱོར་ནས་ས་ཁུལ་དེ་བཀག་སྡོམ་བྱས་ཏེ་ཞིབ་བཤེར་བྱ་བ་སྤེལ་བ་རེད་ཟེར།

ཕཱ་ཁི་སི་ཐན་དཔོན་ཕྱོགས་ཀྱི་བྲེལ་མྱུར་རོགས་སྐྱོར་རྩ་འཛུགས་རོགས་སྐྱོར་གཅིག་གཅིག་གཉིས་གཉིས་ཀྱི་དཔོན་པོ་ཞིག་གིས་དེའི་རྗེས་སུ་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འགས་གཏོར་དོན་རྐྱེན་ལས་ཁང་བ་སྐོར་ཞིག་ལ་རྡིབས་སྐྱོན་བྱུང་ཡོད་པ་དང་། རྒུད་སྐྱོབ་མི་སྣས་བེམ་པོ་གསུམ་རྙེད་ཡོད་ལ། མི་མང་བོ་སྔར་བཞིན་ཞིག་རོའི་འོག་ཏུ་མནན་ཡོད་པས་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཞེ་ལི་ཧྥུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་།

ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།