ཧྥ་རན་སི་ཡིས་བཅོས་སྒྲིག་བྱས་རྗེས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས།
2023.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་སྲིད་གཞུང་བཅོས་སྒྲིག་བྱས་རྗེས་ཀྱི་སྐབས་གསར་བའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཁོངས་མི་གསར་བར་བསྡོམས་པས་མི་ཞེ་གཅིག་ཡོད་ཅིང་། ཁོངས་མི་མང་ཆེ་བ་སྔོན་གྱི་ལས་གནས་སོར་འཇོག་བྱས་ཡོད་ལ། ལས་གནས་བརྒྱད་མ་གཏོགས་བརྗེ་སྤོར་བྱས་མེད།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེའི་དགོང་མོར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཙུང་ལི་པའོ་ཨར་ནེའི་གྲོས་གཞི་ལྟར། ཙུང་ཐུང་མཱ་ཁི་ལུང་གིས་སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མི་བསྐོ་འཇོག་བྱས་པ་དང་། དེའི་ནང་པུའུ་ཀྲང་དང་པུའུ་ཀྲང་རིམ་པའི་འཐུས་མི། རྒྱལ་སྲིད་དྲུང་ཡིག་ཆེན་མོ་བཅས་འདུས་པ་དང་། དེའི་ནང་བུད་མེད་ཉེར་གཅིག་ཡོད་ཟེར།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་སྲིད་གཞུང་བཅོས་སྒྲིག་དེ་གཞི་རྒྱ་ཆུང་བ་དང་། དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་དང་། ནང་སྲིད་པུའུ་ཀྲང་། ཕྱི་འབྲེལ་པུའུ་ཀྲང་། ཁྲིམས་འཛིན་པུའུ་ཀྲང་། རྒྱལ་སྲུང་པུའུ་ཀྲང་། སྲིད་གཞུང་གི་མགྲིན་ཚབ་པ་བཅས་ལས་གནས་གལ་ཆེན་མང་བོའི་པུའུ་ཀྲང་སོར་འཇོག་བྱས་ཡོད། ཐེངས་འདིའི་བཅོས་སྒྲིག་ཁྲོད་ཀུན་གྱིས་དོ་སྣང་བྱེད་པ་ནི་སྔོན་ཆད་སྤྱི་བའི་རྩིས་ཐོའི་འགན་ཁུར་བའི་པུའུ་ཀྲང་རིམ་པའི་འཐུས་མི་ཨ་ཐཱ་ཨར་གྱིས་རྒྱལ་དམངས་སློབ་གསོ་དང་ན་གཞོན་ལས་དོན་གྱི་པུའུ་ཀྲང་གི་འགན་ཁུར་བ་དང་། ཙུང་ལི་པའོ་ཨར་ནེའི་སྔོན་ཆད་ཀྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལུའུ་སོ་ཡིས་འཕྲོད་བསྟེན་དང་རིམས་ནད་སྔོན་འགོག་པུའུ་ཀྲང་གི་འགན་ཁུར་ཡོད་པ་དེ་རེད་ཟེར།

ཧྥ་རན་སིའི་སྨྱན་བྱད་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། སློབ་གསོ་དང་བདེ་ཐང་གི་གནད་དོན་ནི་མཱ་ཁི་ལུང་གིས་ཉིས་སྟོང་ཉེར་གཉིས་ལོར་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་སྐབས་བཏོན་པའི་ཐོག་མར་ཐག་གཅོད་བྱེད་པའི་ལས་དོན་ཡིན་ཡང་། འགན་ཡུན་ཐེངས་གཉིས་པའི་ནང་མི་ཀུན་ཡིད་ཚིམས་པ་ཞིག་བྱུང་མེད་པས། མཱ་ཁི་ལུང་གིས་གསར་དུ་བསྐོ་འཇོག་བྱས་པའི་པུའུ་ཀྲང་གཉིས་ཀྱིས་ཁྱབ་ཁོངས་དེ་གཉིས་སུ་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བྱེད་ཐུབ་པར་རེ་བཞིན་ཡོད་པ་རེད།

ཙུང་ཐུང་བཞུགས་ཤག་གིས་ད་རུང་ཁྱབ་བསྒྲགས་བྱས་དོན། ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་སྲིད་གཞུང་གི་བཅོས་སྒྲིག་རྗེས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་ཐོག་མ་བསྡུ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།