རྒྱ་གར་གྱིས་འབྲས་ཕྱིར་གཏོང་བྱེད་པར་ཚོད་འཛིན་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་རིན་གོང་ཇེ་མཐོར་འགྲོ་བའི་སེམས་ཁུར་ཇེ་ཆེར་སོང་།
2023.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

རྒྱ་གར་སྲིད་གཞུང་གིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ནང་གི་ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱེད་ཆེད། རྒྱ་གར་གྱིས་ས་གནས་རང་གི་འབྲས་མ་གཏོགས་པའི་འབྲས་གཞན་པ་ཕྱིར་གཏོང་བྱེད་པར་གཏན་འགོག་བྱེད་རྒྱུ་ཡིན་པ་དང་། ཉིན་དེ་ནས་བཟུང་ནུས་ལྡན་དུ་གྱུར་ཡོད་ཟེར།

བྱ་སྤྱོད་དེ་ལས་ཚོང་རའི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་རིན་གོང་ཇེ་མཐོར་འགྲོ་བའི་ཐད་ཀྱི་སེམས་ཁུར་ཇེ་ཆེར་སོང་ཡོད།

རྒྱ་གར་གྱི་འཛད་སྤྱོད་པའི་ལས་དོན་དང་ཟས་རིགས། སྤྱི་བའི་བགོ་བཤའི་པུའུ་ཡིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། དུས་རླུང་དྲག་པོ་ལས་དྲག་ཆར་བབས་པའི་དབང་གིས་ཞིང་ལས་ལོ་ཏོག་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་པ་དང་། འབྲས་ཀྱི་ཕྱིར་འཚོང་རིན་གོང་ཟླ་གཅིག་གི་ནང་བརྒྱ་ཆའི་གསུམ་འཕར་རྗེས། སྲིད་གཞུང་གིས་འབྲས་ཕྱིར་གཏོང་བྱེད་པར་ཚད་བཀག་བྱེད་རྒྱུ་ཐག་བཅད་པ་རེད།

རྒྱ་གར་གྱི་འབྲས་ཕྱིར་གཏོང་ཚོང་ལས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལཱ་ཨོ་ཡིས་བསྟན་དོན། ཉིང་པེ་དང་སེ་ནེ་ཀལ། ཁོ་ཐེ་ཏིས་ཝོར་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ལ་རྒྱ་གར་གྱིས་འབྲས་ཕྱིར་གཏོང་ལ་ཚད་བཀག་བྱས་པའི་ཤུགས་རྐྱེན་ཐེབས་པ་ཚབས་ཆེ་ཟེར།

རྒྱ་གར་ནི་འཛམ་གླིང་སྟེང་འབྲས་ཕྱིར་གཏོང་བྱེད་པའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ཉིས་སྟོང་ཉེར་གཉིས་ལོར་རྒྱ་གར་གྱི་འབྲས་ཕྱིར་གཏོང་གི་སྤྱི་གྲངས་ཏུན་བྱེ་བ་གཉིས་དང་ས་ཡ་གཉིས་ཙམ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་འབྲས་ཕྱིར་གཏོང་གི་ཚད་ཀྱི་བརྒྱ་ཆའི་བཞི་བཅུའི་ཡན་ཟིན་ཡོད། ཐེངས་འདིའི་ཕྱིར་གཏོང་ཚད་བཀག་བཀའ་རྒྱའི་ཤུགས་རྐྱེན་ཐེབས་པའི་འབྲས་ཕྱིར་གཏོང་གི་ཚད་ཏུན་བྱེ་བ་གཅིག་ཙམ་ཡིན་ལ། ད་ལོའི་ཨིག་ཨར་ནེ་ནོའུ་སྣང་ཚུལ་གྱི་ཤུགས་རྐྱེན་ཐེབས་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཟླ་བདུན་པའི་ཟླ་མགོར་ཁྱབ་བསྒྲགས་བྱས་པའི་འབྲས་ཀྱི་རིན་གོང་དམིགས་ཚད་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་འབྲས་ཀྱི་རིན་གོང་དེ་ལོ་བཅུ་གཅིག་རིང་གི་ཆེས་མཐོའི་ཚད་དུ་འཕེལ་འགྲིབ་བྱེད་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།