ཀྲུང་གོས་རོགས་སྐྲུན་བྱས་པའི་ནེ་ཀྲིར་གྱི་ཨ་པཱ་ལཱ་ཁི་དང་ཐཱ་མཱ་ཡཱའི་བར་གྱི་གཞུང་ལམ་ཞིག་གསོའི་ལས་གཞི་ཚེས་ཉེར་གཅིག་ཉིན་ནེ་ཀྲིར་གྱི་ཨ་པཱ་ལཱ་ཁི་ཞིང་ཆེན་ནས་ལས་མགོ་བརྩམས་པ་དང་། ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་དང་ནེ་ཀྲིར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཧྥུན། ནེ་ཀྲིར་སྒྲིག་ཆས་པུའུ་ཀྲང་མའོ་ཁི་ཐཱ་སོགས་ལས་མགོ་རྩོམ་པའི་མཛད་སྒོར་ཞུགས།
ནེ་ཀྲིར་གྱི་ཨ་པཱ་ལཱ་ཁི་ནས་ཐཱ་མཱ་ཡཱའི་བར་གྱི་གཞུང་ལམ་ཞིག་གསོའི་ལས་གཞི་དེ་ནེ་ཀྲིར་དབུས་ལྷོ་ཕྱོགས་ཀྱི་ཨ་པཱ་ལཱ་ཁི་ཞིང་ཆེན་དུ་གནས་པ་དང་། ཀྲུང་གོའི་ས་ཤིང་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིས་འཛུགས་སྐྲུན་གྱི་འགན་ཁུར་ཡོད།
པཱ་ཙུའུ་མུའུ་ཡིས་ལས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ལས་གཞི་དེས་ནེ་ཀྲིར་ལྷོ་བྱང་གི་འགྲིམ་འགྲུལ་གྱི་ལམ་ཐིག་གཙོ་བོ་ཞིག་ཏུ་འགྱུར་སྲིད་པ་དང་། ཐོན་ཁུངས་རྒྱུ་རྐྱེན་སྔར་ལས་བདེ་བླག་ཡིན་པ་དང་། ནེ་ཀྲིར་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ། ནེ་ཀྲིར་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་སྒེར་སེམས་མེད་པའི་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
མའོ་ཁི་ཐཱ་ཡིས་བཤད་རྒྱུར། ལས་གཞི་དེ་ནི་ནེ་ཀྲིར་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བའི་བདེན་དཔང་ཡིན་པ་དང་། ནེ་ཀྲིར་གྱི་སཱ་ཧཱ་ལཱ་ས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་ནུས་པ་མཐོར་འདེགས་བྱེད་ཐུབ་ཟེར།
ཅང་ཧྥུན་གྱིས་བསྟན་དོན། ཀྲུང་གོས་ནམ་རྒྱུན་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་གཞི་ལག་བསྟར་གང་ལེགས་བྱེད་བཞིན་ཡོད་པ་དང་། ནེ་ཀྲིར་གྱི་པཱ་ལཱ་ཁི་ནས་ཐཱ་མཱ་ཡཱའི་བར་གྱི་གཞུང་ལམ་ཞིག་གསོའི་ལས་གཞི་རོགས་འཛུགས་བྱས་ན་ནེ་ཀྲིར་གྱི་རྨང་གཞིའི་སྒྲིག་ཆས་མཉམ་འབྲེལ་མཉམ་གཏོང་བྱེད་པ་མངོན་འགྱུར་བྱེད་ཐུབ་ལ། ནེ་ཀྲིར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ནེ་ཀྲིར་ལ་རང་ནུས་ཅི་ལྕོགས་ཀྱི་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ནེ་ཀྲིར་གྱི་ཨ་པཱ་ལཱ་ཁི་ནས་ཐཱ་མཱ་ཡཱའི་བར་གྱི་གཞུང་ལམ་ཞིག་གསོའི་ལས་གཞིར་གཞུང་ལམ་གྱི་རྨང་གཞི་དང་ལམ་ངོས། ལམ་འགྲམ་གྱི་ཆུ་རྐ། འགོག་སྲུང་། ཟམ་ཆུང་། ལམ་འགྲམ་གྱི་སྒྲིག་ཆས་སོགས་ཀྱི་ཞིག་གསོའི་བྱ་བ་འདུས་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་བདུན་བཅུ་ལྷག་ཡོད་ལ། སྤྱིའི་ལས་ཡུན་ཟླ་ངོ་སུམ་ཅུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།