བྷང་ག་ལཱའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཆུར་ལྷུང་ནས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།
2023.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། མི་རྣམས་ཀྱིས་བྷང་ག་ལཱའི་ཆཱ་ལོ་ཅཱ་ཏིས་རྫོང་གི་འགྲུལ་སྐྱེལ་རླངས་འཁོར་ཆུར་ལྷུང་སའི་ཡུལ་དངོས་སུ་ལྟ་ཞིབ་བྱེད་བཞིན་པ།

བྷང་ག་ལཱ་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཆཱ་ལོ་ཅཱ་ཏིས་རྫོང་དུ་ཉིན་དེར་འགྲུལ་སྐྱེལ་རླངས་འཁོར་ཆུར་ལྷུང་བའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་ལྔར་རྨས་ཕོག་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་འགན་ཁུར་བས་གསར་འགོད་པར་བདེན་དཔང་བྱས་དོན། འགྲུལ་སྐྱེལ་རླངས་འཁོར་དེ་ཉིན་དེའི་སྔ་དྲོར་ཁ་ལོ་བྱེད་ཐབས་བྲལ་ནས་གཞུང་ལམ་ལས་བརྒལ་ནས་ལམ་འགྲམ་གྱི་མཚོ་ནང་དུ་ལྷུང་བ་ཡིན་ལ། འགྲུལ་བ་བཅུ་གསུམ་ཁ་མལ་དེ་ནས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས་པ་རེད། རྨས་མ་ཚང་མ་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབ་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར།

བྷང་ག་ལཱ་རྒྱལ་ཁབ་ཏུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་ཅིང་། ལམ་མི་བདེ་བ་དང་རླངས་འཁོར་མི་བཟང་བ། ཁ་ལོ་བའི་སྒྲིག་འགལ། འགྲིམ་འགྲུལ་སྡེ་ཁག་གི་ལྟ་རྟོག་དོ་དམ་ལ་ཕན་ནུས་མེད་པ་བཅས་ནི་རྒྱུ་རྐྱེན་གཙོ་བོ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།