ཁཱ་མེ་ལུང་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་དཔལ་འབྱོར་རྒྱལ་ས་ཏུའུ་ཨ་ལཱ་ནས་ཉིན་དེའི་ཞོགས་པར་ཁང་བ་རྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་ཟེར།
ཁཱ་མེ་ལུང་དཔོན་ཕྱོགས་སྨྱན་བྱད་ཁཱ་མེ་ལུང་གླེང་སྟེགས་ཚགས་པར་གྱིས་བསྒྲགས་པ་ལྟར་ན། བརྩེགས་རིམ་ལྔ་ཅན་གྱི་སྡོད་དམངས་ཐོག་ཁང་ཞིག་རྡིབས་པ་དང་། ཉེ་འདབས་ཀྱི་བརྩེགས་རིམ་གཉིས་ཅན་གྱི་ཐོག་ཁང་ཞིག་ལའང་གཏོར་བརླག་ཐེབས་ནས་མཉམ་དུ་རྡིབས་པ་རེད་ཟེར།
ཏུའུ་ཨ་ལཱ་ཡོད་སའི་མཚོ་འགྲམ་ས་ཁུལ་ཆེན་མོའི་མགོ་བ་ཏིས་པུའུ་ཨ་ཡིས་ཉིན་དེའི་ཕྱི་དྲོར་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་སྨྱན་བྱད་ལ་བཤད་རྒྱུར། སྔོག་བཤེར་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད། མིག་སྔར་ཁང་བར་རྡིབས་སྐྱོན་བྱུང་བའི་རྒྱུ་རྐྱེན་གསལ་བོར་མི་ཤེས་ཟེར།
ས་དེའི་ཆེད་མཁས་པས་བཤད་རྒྱུར། ཏུའུ་ཨ་ལཱ་རུ་དུས་རྒྱུན་ཁང་བར་རྡིབས་སྐྱོན་བྱུང་བའི་རྒྱུ་རྐྱེན་ནི་ཆུ་ལོག་དང་ཚད་ལྡན་མིན་པའི་བཟོ་སྐྲུན་རྒྱུ་ཆ་བེད་སྤྱོད་བྱས་པ་སོགས་ཀྱི་རྐྱེན་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།