རྒྱ་གར་སྨྱན་བྱད་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་ནུབ་ཕྱོགས་ཀྱི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་མངའ་སྡེ་རུ་ཉེ་སྔོན་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དོན་བརྒྱད་གར་སོང་རྙེད་མེད་ཟེར།
བསྟུད་མར་ཉིན་འགའི་རིང་ཆར་བ་བབས་པའི་དབང་གིས་མཱ་ཧཱ་ལཱ་ཧྲི་ཐི་ལཱ་མངའ་སྡེའི་ལའེ་ཀི་ཏི་ས་ཁུལ་གྱི་རི་ཁུལ་གྲོང་སྡེ་ཞིག་ཏུ་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་རི་ཉིལ་བའི་གནོད་འཚེ་བྱུང་བ་རེད། རྒྱ་གར་མགྱོགས་འཕྲིན་ཚགས་པར་གྱིས་ས་དེའི་དོ་དམ་ཅུའུ་ཡི་གཞི་གྲངས་གཞིར་བཟུང་ནས་བསྒྲགས་དོན། ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་བར། མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དོན་བརྒྱད་གར་སོང་རྙེད་མེད་ལ། མི་བརྒྱད་ལ་རྨས་ཕོག་ཡོད་ཟེར།
རྒྱ་གར་རྒྱལ་ཡོངས་རྒུད་སྐྱོབ་འཕྲལ་སྒྲུབ་དམག་དཔུང་གིས་རྒུད་སྐྱོབ་རུ་ཁག་འགའ་ཡུལ་དངོས་སུ་མངག་གཏོང་བྱས་ཡོད་པ་དང་། རྒུད་སྐྱོབ་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད། ས་དེའི་དཔོན་རིགས་ཀྱིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། བསྟུད་མར་ཆར་བ་བབས་པ་དང་བགྲོད་ལམ་དུ་ཤར་གཏོང་དཀའ་བ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་རྒུད་སྐྱོབ་བྱ་བ་དཀའ་ཁག་ཆེན་པོར་འཕྲད་ཡོད་ཟེར།
རྒྱ་གར་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཚེས་ཉེར་གསུམ་ཉིན་ལའེ་ཀི་ཏི་ས་ཁུལ་དང་བཅས་པའི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་མངའ་སྡེའི་མཐའ་འཁོབ་ས་ཁུལ་དུ་དྲག་ཆར་འབབ་པའི་ཉེན་བརྡ་བཏང་ཡོད་པ་དང་། ཚོད་དཔག་བྱས་ན་དྲག་ཆར་དེ་ཚེས་ཉེར་བདུན་ཉིན་བར་འབབ་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།