ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཝུའུ་ཁི་ལན་གྱིས་ཚུར་རྒོལ་བྱས་པའི་ཚུན་ལ་མི་ཁྲི་གཉིས་དང་སྟོང་དྲུག་ལྷག་གི་གྱོང་གུད་བྱུང་ཡོད་ཟེར།
གཞན་ཡང་ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཚེས་ཉེར་གསུམ་ཉིན་ཧྲིན་པུས་ཏི་པའོ་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་དངོས་སུ་ཚུར་རྒོལ་བྱེད་ཀྱང་ཕམ་ཉེས་མ་གཏོགས་མེད་ཟེར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཕྱི་རྒྱལ་གྱི་དམག་དོན་སྒྲིག་ཆས་ཀྱི་གྱོང་གུད་ཐེབས་པའི་ཁ་གྲངས་ལས་ཟིན་ཐོ་གསར་བ་བསྐྲུན་ཡོད་པ་དང་། ཕྱི་རྒྱལ་གྱི་གླས་དམག་ལའང་གྱོང་གུད་ཆེན་པོ་བྱུང་ཡོད་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་གཉིས་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཉིན་དེར་ཁོ་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་དང་ཁ་པར་གྲོས་མོལ་བྱས་ཏེ། ཝེ་ཨར་ཉིག་སིའི་མཐོ་རིམ་གྲོས་ཚོགས་སྐབས་སུ་གྲོགས་པོའི་རྒྱལ་ཁབ་བར་བཀོད་པའི་འབྲེལ་ཡོད་ཀྱི་གྲོས་མཐུནདང་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་འགུལ་སྐྱོད་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ད་རུང་མཚོ་ནག་གི་མིག་སྔའི་གནས་བབ་དང་དེ་ལས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་ཐེབས་པའི་ཉེན་ཁའི་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་མཚོ་ནག་འབྲུ་རིགས་བར་ཁྱམས་འཁོར་སྐྱོད་དང་གཏན་འཇགས་འཁོར་སྐྱོད་ལ་མཁོ་བའི་ནང་དོན་གཙོ་བོ་དང་མ་འོངས་པའི་ལས་རིམ་གཏན་འཁེལ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།