ཁམ་ཕུ་ཀྲེ་ཡིས་སྐབས་བདུན་པའི་རྒྱལ་ཚོགས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ།
2023.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཁམ་ཕུ་ཀྲེ་ཡིས་ཚེས་ཉེར་གསུམ་ཉིན་སྐབས་བདུན་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ། བསྡོམས་པས་ཁམ་ཕུ་ཀྲེའི་མི་དམངས་ཏང་དང་ཧྥུན་ཞིན་པུས་ཁི་ཏང་སོགས་སྲིད་ཏང་བཅོ་བརྒྱད་འདེམ་བསྐོའི་བྱ་འགུལ་ལ་ཞུགས་ཏེ། གྲོས་ཁང་གི་ལས་གནས་བརྒྱ་དང་ཉེར་ལྔ་བོར་འགྲན་རྩོད་བྱས་པ་དང་། ལས་གནས་མང་ཆེ་བ་ཐོབ་པའི་སྲིད་ཏང་གིས་སྐབས་གསར་བའི་རྒྱལ་བོའི་སྲིད་གཞུང་རྩ་འཛུགས་བྱེད་པའི་འགན་ཁུར་རྒྱུ་རེད།

ཁམ་ཕུ་ཀྲེ་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་ལས་མངོན་པ་ལྟར་ན། ཁམ་ཕུ་ཀྲེ་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་འདེམ་དམངས་ཀྱི་ཁ་གྲངས་ས་ཡ་དགུ་དང་འབུམ་བདུན་ཡོད་པ་དང་། ཐེངས་འདིའི་འདེམ་བསྐོ་ལ་བསྡོམས་པས་འདེམ་ཤོག་འཕེན་ས་ཁྲི་གཉིས་དང་སྟོང་བཞི་ཙམ་བཀོད་སྒྲིག་བྱས་ཡོད། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་ནས་མགོ་བརྩམས་པ་དང་། ཕྱི་དྲོའི་དུས་ཚོད་གསུམ་སྟེང་མཇུག་སྒྲིལ་བ་རེད།

ཁམ་ཕུ་ཀྲེ་ཡིས་རྒྱལ་ཡོངས་སུ་བདེ་སྲུང་མི་སྣ་འབུམ་གཅིག་ཙམ་བཀོད་སྒྲིག་བྱས་ཏེ་འདེམ་བསྐོ་བྱ་འགུལ་གྱི་བདེ་འཇགས་ལ་འགན་སྲུང་བྱས་ཡོད། ཁམ་ཕུ་ཀྲེ་ཡི་ལྟ་ཞིབ་པ་ཁྲི་དགུ་ཙམ་དང་ཕྱི་རྒྱལ་གྱི་ལྟ་ཞིབ་པ་སུམ་བརྒྱ་ལྷག་གིས་འདེམ་བསྐོའི་བརྒྱུད་རིམ་ཧྲིལ་བོར་ལྟ་རྟོག་བྱས། ཀྲུང་གོས་ཀྱང་མི་བཅུ་གཉིས་ཀྱིས་གྲུབ་པའི་ལྟ་ཞིབ་ཚོགས་པ་མངག་གཏོང་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། འདེམ་བསྐོའི་ས་ཁུལ་སོ་སོའི་འདེམ་ཤོག་རྩིས་ལེན་བྱས་པའི་ཐོག་མའི་མཇུག་འབྲས་དེ་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་བསྟུད་མར་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། ཁམ་ཕུ་ཀྲེ་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བརྒྱད་པའི་ཚེས་དགུ་ཉིན་དངོས་སུ་འདེམ་ཤོག་འཕངས་པའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད།

རྒྱལ་དམངས་གྲོས་ཁང་ནི་ཁམ་ཕུ་ཀྲེ་ཡི་ཆེས་མཐོ་བའི་དབང་ཤུགས་ལས་ཁུངས་དང་ཁྲིམས་འཛུགས་ལས་ཁུངས་ཡིན་ལ། སྐབས་རེའི་འགན་ཡུན་ལོ་ལྔ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།