སི་ཕན་གྱིས་ཚེས་ཉེར་གསུམ་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་འདེམ་དམངས་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་ལྔ་ཙམ་གྱིས་འདེམ་ཤོག་འཕངས་ཏེ་དམངས་གྲོས་ཁང་གི་ལས་གནས་སུམ་བརྒྱ་དང་ལྔ་བཅུ་དང་གྲོས་ཞུགས་ཁང་གི་ལས་གནས་ཉིས་བརྒྱ་དང་བརྒྱད་སུར་ཐོབ་པ་ཐག་གཅོད་བྱེད་རྒྱུ་རེད།
འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་ནས་མགོ་བརྩམས་པ་དང་། དགོང་མོའི་དུས་ཚོད་བརྒྱད་ལ་མཇུག་སྒྲིལ། ཚོད་དཔག་བྱས་ན་འདེམ་ཤོག་ཐོ་འགོད་བྱེད་པའི་མཇུག་འབྲས་དེ་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱེད་ངེས་རེད། སི་ཕན་རྒྱལ་ཡོངས་སུ་བསྡོམས་པས་འདེམ་ཤོག་འཕེན་ས་ཁྲི་གཉིས་དང་སྟོང་གཉིས་བཀོད་སྒྲིག་བྱས་ཡོད། དེ་ལས་གཞན་སི་ཕན་སྒྲགས་སྲིད་ཁོངས་གཏོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། མི་ས་ཡ་གཉིས་དང་འབུམ་བཞི་ཁྲི་བདུན་ཙམ་གྱིས་སྦྲགས་སྲིད་བརྒྱུད་དེ་འདེམ་ཤོག་འཕངས་ཡོད་ཟེར།
སི་ཕན་གྱི་སྨྱན་བྱད་ཀྱིས་ཚེས་བཅུ་བདུན་ཉིན་ཁྱབ་བསྒྲགས་བྱས་པའི་དམངས་ཀྱི་འདོད་བློ་ལྟར་ན། སི་ཕན་གཡས་ཕྱོགས་སྲིད་ཏང་མི་དམངས་ཏང་ལ་ཐེངས་འདིའི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པའི་རེ་བ་ཡོད་ཀྱང་། ཚོད་དཔག་བྱས་ན་སྒེར་ཚུགས་ཀྱིས་སྲིད་གཞུང་རྩ་འཛུགས་བྱེད་པའི་ལས་གནས་མང་ཆེ་བ་ཐོབ་མཁན་དུ་འགྱུར་དཀའ་བས། མི་དམངས་ཏང་གིས་གཡས་ཕྱོགས་ཏང་ཁག་བར་མཉམ་འབྲེལ་བྱས་ཏེ་མཉམ་དུ་སྲིད་འཛིན་ལས་ཁུངས་གསར་བ་རྩ་འཛུགས་བྱེད་པའི་འབོད་སྐུལ་བཏང་ཡོད་པ་རེད།
ཉིས་སྟོང་བཅུ་དགུ་ལོར་སྤེལ་བའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད། སི་ཕན་གྱི་གཡོན་ཕྱོགས་སྲིད་ཏང་བཟོ་བའི་སྤྱི་ཚོགས་ཏང་ལ་གྲོས་ཁང་གི་ལས་གནས་མང་ཆེ་བ་ཐོབ་མེད་པས། མཇུག་མཐར་གཡས་ཕྱོགས་སྲིད་ཏང་གཞན་པ་ང་ཚོས་ནུས་ཞེས་པའི་ཏང་ཁག་དང་མཉམ་དུ་སྲིད་གཞུང་རྩ་འཛུགས་བྱེད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།