བྱང་ཕྱོགས་ས་ཁུལ་གྱི་ཉིས་སྟོང་ཉེར་གསུམ་ལོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བདེ་བླག་ངང་མཇུག་སྒྲིལ།
2023.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ། གྲུ་གཟིངས་རུ་ཁག་གྲུ་གཟིངས་སྡོད་སའི་འགོག་སྲུང་གི་སྦྱོང་བརྡར་བདེ་བླག་ངང་མཇུག་སྒྲིལ་བ་དང་བསྟུན་ནས། བྱང་ཕྱོགས་ས་ཁུལ་གྱི་ཉིས་སྟོང་ཉེར་གསུམ་ལོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་རྣམ་གྲངས་ཚང་མ་ཡོངས་འགྲུབ་བྱས། དེའི་རྗེས་སུ་སྤེལ་བའི་མཇུག་སྒྲིལ་མཛད་སྒོའི་སྟེང་དམག་དོན་སྦྱོང་བརྡར་གྱི་བཀོད་འདོམ་པས་དམག་དོན་སྦྱོང་བརྡར་བདེ་བླག་ངང་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས།

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་ཚུན་ལ། མཚོ་ཐོག་གི་འཐབ་ཇུས་རྒྱུ་ལམ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བརྗོད་སྙིང་དེར་དམིགས་ཏེ། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་མཚོ་དམག་དང་མཁའ་དམག་གིས་མཉམ་འབྲེལ་འཆར་འགོད་དང་མཉམ་འབྲེལ་བཀོད་འདོམ། མཉམ་འབྲེལ་འཐབ་འཁྲུག་བྱས་ཏེ། སྔ་གཞུག་ཏུ་མཚོ་ཐོག་དང་བར་སྣང་གི་འགྲུལ་སྲུང་དང་ཟིལ་ཤུགས་ཀྱིས་མཐར་སྐྲོད་གཏོང་བ། གྲུ་གཟིངས་སྡོད་སའི་འགོག་སྲུང་སོགས་རྣམ་གྲངས་མང་བོའི་སྦྱོང་བརྡར་བྱས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་མཚོ་ཁོངས་ཀྱི་དངོས་འཐབ་ནུས་པར་ཞིབ་བཤེར་བྱས་ཡོད་ལ། མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་རྩ་འཛུགས་རྣམ་པ་དང་དམག་ཤུགས་ཀྱི་མཉམ་འདྲེས་རྣམ་པ་སོགས་ཀྱི་ཐད་ནས་གསར་གཏོད་བྱས་ཏེ། སྔོན་ནས་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱས་ཡོད།

དམག་དོན་སྦྱོང་བརྡར་གྱི་བཀོད་འདོམ་པས་མཇུག་སྒྲིལ་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཀྲུང་གོ་དང་ཨུ་རུ་སིའི་དམག་དཔུང་གིས་མཉམ་དུ་མཚོ་ཐོག་གི་འཐབ་ཇུས་རྒྱུ་ལམ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཆེན་མོ་ཞིག་ཡིན་པ་དང་། དམག་དཔུང་གཉིས་ཀྱི་འཐབ་ཇུས་རོགས་ལས་ཆུ་ཚད་མཐོར་འདེགས་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར། ཉིན་བཞིའི་རིང་ལ། ཀྲུང་གོ་དང་ཨུ་རུ་སིའི་མཉམ་འབྲེལ་འཐབ་འཁྲུག་བཀོད་འདོམ་མི་སྣས་འབྲེལ་འདྲིས་ཟབ་མོ་བྱས་པ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་ཚང་མས་འབད་འཐབ་བྱས་ཏེ། དམག་དོན་གྱི་བྱང་ཚད་དང་སྦྱོང་བརྡར་ཆུ་ཚད་བཟང་བོ་མངོན་པར་བྱས་ཏེ། ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བ། ནུས་པ་མཐོར་འདེགས་བྱེད་པ་བཅས་སྔོན་དཔག་གི་དམིགས་འབེན་དུ་བསླེབས་ཡོད་ལ། ཀྲུང་གོ་དང་ཨུ་རུ་སིའི་དམག་དཔུང་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ལེའུ་གསར་བ་འབྲི་བཞེངས་བྱས་ཡོད་ཟེར།

དམག་དོན་སྦྱོར་བརྡར་གྱི་བཀོད་འདོམ་པ་གཞོན་པ། ཨུ་རུ་སིའི་མཚོ་དམག་གི་དམག་དཔོན་ཁཱ་ཀྲ་ཁི་ཧྥུའུ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེས་ཨུ་རུ་སི་དང་ཀྲུང་གོས་མཚོ་ཐོག་དང་བར་སྣང་གི་དམག་དོན་འཇིགས་ཉེན་ཐག་གཅོད་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་ཡོད་ཅིང་། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།



བསོད་ནམས་ཚེ་རིང་གིས་བསྒྱུར།