ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཉིན་དེར་ཝུའུ་ཁི་ལན་ཕྱོགས་ཀྱིས་མི་བསྡད་མེད་པའི་གནམ་གྲུ་བེད་སྤྱད་ནས་མའོ་ཞི་ཁོ་ལ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ཅིག་ཕམ་ཉེས་སུ་བཏང་བ་དང་། འཇབ་རྒོལ་དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཉིན་དེའི་ཞོགས་པར་མི་བསྡད་མེད་པའི་གནམ་གྲུ་གཉིས་བེད་སྤྱད་དེ་མའོ་ཞི་ཁོ་གྲོང་ཁྱེར་གྱི་དམིགས་འབེན་ལ་འཇབ་རྒོལ་བྱས། ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུ་དེ་གཉིས་ལ་གློག་རྡུལ་འཐབ་འཁྲུག་གི་སྒྲིག་ཆས་ཀྱི་བར་ཆད་ཐེབས་རྗེས་སར་ལྷུང་བ་རེད། འཇབ་རྒོལ་དོན་རྐྱེན་དེའི་ནང་མི་སྣར་ཤི་རྨས་བཟོས་མེད་ཟེར།
དེའི་ནང་མི་བསྡད་མེད་པའི་གནམ་གྲུ་གཅིག་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་ཉེ་འདབས་སུ་ལྷུང་བ་དང་། གནམ་གྲུ་གཞན་པ་དེ་ལེ་ཧཱ་ཆའོ་ཧྥུའུ་སྲང་ལམ་གྱི་ཚོང་ལས་ལྟེ་གནས་སུ་ལྷུང་བ་རེད།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ནི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་རེད་ཟེར།
མའོ་སི་ཁོ་གྲོང་ཁྱེར་གྱི་ཧྲི་ཀྲང་སོ་པུས་ཡཱ་ཉིང་གིས་དེའི་སྔོན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཉིན་དེའི་ཞོགས་པའི་དུས་ཚོད་བཞི་ཡས་མས་སུ། མའོ་སི་ཁོ་ཡི་སྡེ་ཁུལ་གཉིས་ལ་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཡོད་ཀྱང་། འཇབ་རྒོལ་དེ་ལས་གཏོར་བརླག་ཚབས་ཆེན་དང་མི་སྣར་ཤི་རྨས་བཟོས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།