དབྱི་སི་རལ་གྱི་སྨྱན་བྱད་མང་བོས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་གཟའ་འཁོར་འདིའི་ནང་སེ་ཕུའུ་ལུའུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱེད་པའི་བྱ་བ་དེ་རྗེས་སུ་སྣུར་ཡོད་པ་དང་། རྒྱུ་རྐྱེན་ནི་ཁོར་ཅང་མ་འགོར་བའི་སྔོན་སྙིང་ནད་གཤགས་བཅོས་བྱས་པས་ཡིན་ཟེར།
དབྱི་སི་རལ་གྱི་ཙུང་ལིའི་བཞུགས་ཤག་གིས་ཉིན་དེར་སྔ་གཞུག་ཏུ་སྤེལ་བའི་གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ལ་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པར་ཞེ་པཱ་སྨན་བཅོས་ལྟེ་གནས་སུ་སྙིང་ནད་གཤགས་བཅོས་བྱས་པ་རེད། གཤགས་བཅོས་བྱེད་སྐབས་ཙུང་ལིའི་ལས་འགན་དེ་ཙུང་ལི་གཞོན་པའམ་ཁྲིམས་འཛིན་པུའུ་ཀྲང་ལའེ་ཝུན་གྱིས་ཚབ་ཏུ་འགན་ཁུར་ཡོད། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཁོར་སེམས་ཁུར་བྱེད་པའི་མི་རྣམས་ལ་བཀའ་དྲིན་ཞུས་པར་མ་ཟད། གྲོས་ཁང་གིས་ཚེས་ཉེར་བཞི་ཉིན་ཁྲིམས་འཛིན་བཅོས་བསྒྱུར་གྱི་གྲོས་གཞིར་བརྡས་གཅོད་བྱེད་པར་ཞུགས་རྒྱུ་ཡིན་པ་ནན་བཤད་བྱས།
གྲོས་གཞི་དེའི་ནང་དོན་ལ་རྩོད་གླེང་ཆེ་བ་དང་། ཉེ་བའི་དུས་སྐབས་ནང་དབྱི་སི་རལ་ནས་ཚོགས་ཁག་མི་འདྲ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་བ་རེད།
ནེ་ཐཱ་ནི་ཡཱ་ཧུའུ་ད་ལོར་ལོ་དོན་གསུམ་ཡིན་པ་དང་། ཚེས་བཅོ་ལྔ་ཉིན་དྲོད་ཚད་མཐོ་བའི་དབང་གིས་ལུས་ཟུངས་ཟད་ནས་མགོ་ཡོམ་འགོར་བའི་ཚོར་སྣང་བྱུང་བ་དང་། སྨན་ཁང་དུ་བསྐྱལ་ནས་ལྟ་ཞིབ་བྱས་པ་རེད། སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སྨན་ཁང་ནས་འབུད་སྐབས་སྨན་པས་ཁོར་འགུལ་རྣམ་ཅན་གྱི་སྙིང་རིས་ཚད་འཇལ་དཔྱད་ཆས་སྒྲིག་སྦྱོར་བྱས་ཡོད་ལ། ལྟ་རྟོག་ཚད་འཇལ་དཔྱད་ཆས་དེས་ཚེས་ཉེར་གཉིས་ཉིན་གྱིད་མོར་ཉེན་བརྡ་བཏང་བ་དང་། ཁོའི་བདེ་ཐང་གནས་ཚུལ་ལ་གཞིགས་ན་སྙིང་གི་འཕར་སྒུལ་ཆས་འཇོག་དགོས་པ་རེད་ཟེར།
སྔོན་གྱི་འཆར་གཞི་ལྟར་ན་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་ལྔ་ཉིན་སེ་ཕུའུ་ལུའུ་སི་རུ་འཚམས་འདྲི་བྱས་ཏེ། སེ་ཕུའུ་ལུའུ་སིའི་ཙུང་ཐུང་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་དང་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་གཉིས་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཁོས་ད་རུང་ཚེས་ཉེར་བརྒྱད་ཉིན་ཐུར་ཁེ་རུ་འཚམས་འདྲི་བྱས་ནས། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་བྱེད་རྩིས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།