དབྱི་སི་རལ་གྱི་དམག་དཔུང་གིས་ནཱ་པུའུ་ལུའུ་སི་ནས་ཕཱ་ལེ་སི་ཐན་གྱི་མི་གསུམ་བསད།
2023.07.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་གསུམ་བསད་ཟེར།

ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་མིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་མི་དྲུད་ཡོད་པའི་རླངས་འཁོར་ཞིག་ལ་མེ་མདས་བརྒྱབ་སྟེ། རླངས་འཁོར་སྟེང་གི་མི་གསུམ་པོ་ཚང་མ་བསད་པ་རེད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་མིས་ཉིན་དེར་ནཱ་པུའུ་ལུའུ་སི་རུ་ལས་འགན་ལག་བསྟར་བྱེད་སྐབས། དོགས་ཡོད་རླངས་འཁོར་ཞིག་གི་སྟེང་མི་ཞིག་གིས་ཚུར་ཕྱོགས་ལ་མེ་མདས་བརྒྱབ་པ་དང་། དེའི་རྗེས་སུ་མེ་མདས་བརྒྱབ་སྟེ་རྒོལ་ལན་སྤྲད་པར་མ་ཟད་འཇིགས་སྐུལ་ཉེས་ཅན་གསུམ་བསད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་རླངས་འཁོར་སྟེང་ནས་མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།