མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་སུའུ་ཏན་འཁྲུག་རྩོད་ལས་བྱིས་པ་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཡོད་པར་བཤད།
2023.07.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། སུའུ་ཏན་འཁྲུག་རྩོད་བྱུང་ནས་ཉིན་བརྒྱ་ལྷག་འགོར་བ་དང་། ཉུང་མཐར་ཡང་བྱིས་པ་བཞི་བརྒྱ་དང་སོ་ལྔ་འཁྲུག་རྩོད་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། བྱིས་པ་སྟོང་གཉིས་ལྷག་ལ་རྨས་ཕོག་ཡོད་པར་མ་ཟད། བྱིས་པ་བྱེ་བ་གཅིག་དང་ས་ཡ་བཞི་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་གལ་ཧ་ཅང་ཆེ་ཟེར།

ཐེབས་རྩ་འཛུགས་པས་བཤད་རྒྱུར། མིག་སྔར་ལས་ཁུངས་དེར་བྱིས་པའི་ཁེ་དབང་ལ་གནོད་པ་ཚབས་ཆེན་བསྐྱལ་བའི་དོན་རྐྱེན་སྟོང་གཉིས་དང་ལྔ་བརྒྱའི་སྙན་ཞུ་འབྱོར་ཡོད། བྱིས་པ་མང་བོ་རང་གི་ཕ་ཡུལ་དང་མི་འབྲལ་ཐབས་མེད་བྱུང་ཡོད་ལ། གཞི་རྩའི་འཚོ་བའི་དགོས་མཁོ་བསྐང་ཐབས་མེད་ཟེར།

བྱིས་པའི་ཐེབས་རྩ་ཚོགས་པས་ད་ལྟའི་བར། སུའུ་ཏན་གྱི་མངའ་ཁོངས་ཕྱི་ནང་དུ་མི་ས་ཡ་གསུམ་དང་འབུམ་གསུམ་ལྷག་འཐབ་འཁྲུག་གི་དབང་གིས་རང་ཡུལ་དང་ཁ་འབྲལ་དགོས་བྱུང་ཡོད་པ་དང་། ཡུལ་གྱར་བའི་སྒར་སར་མི་ཚད་ལས་བརྒལ་ཡོད། ཆར་ཆུ་མོད་པའི་དུས་ཚིགས་སུ་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བ་དག་བཀོད་སྒྲིག་བྱེད་པར་ལྷག་ཏུ་དཀའ་ཁག་ཆེ། དེ་ལས་གཞན་ཨེ་ཅིབ་ཏུ་འབྱོར་བའི་བྱིས་པ་མང་བོར་ཕ་མའི་འགྲོ་རོགས་མེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ཀྱིས་ནན་གྱིས་བསྟན་དོན། ཞི་བའི་གྲོས་མོལ་བྱེད་པར་དགོས་གལ་ཆེ་བ་དང་། མི་རྣམས་འཁྲུག་རྩོད་ས་ཁུལ་དང་བྲལ་ནས་བདེ་འཇགས་ཀྱི་འགེབས་སྲུང་ཐོབ་པར་བརྩོན་ལེན་བྱས་ཆོག་པར་མ་ཟད། ཁོ་ཚོར་རྣམ་པ་གང་རུང་གི་དྲག་ཤུགས་མི་ཐུབ་པར་སྲུང་སྐྱོབ་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།