ཨེ་ཀྭ་ཏོར་གྱི་ཙུང་ཐུང་ལཱ་སོ་ཡིས་ཚེས་ཉེར་བཞིའི་ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ་ཁྱབ་བསྒྲགས་བྱས་དོན། ཨེ་ཀྭ་ཏོར་དབུས་ནུབ་ཕྱོགས་ཀྱི་ཞིང་ཆེན་གཉིས་དང་གྲོང་ཁྱེར་གཅིག་ལ་དུས་ཡུན་ཉིན་དྲུག་ཅུའི་ནང་དོགས་ཟོན་མཐོར་འདེགས་བྱས་ཏེ་མཚན་མགྲོན་བཀག་ནས། ཨེ་ཀྭ་ཏོར་རྒྱལ་ནང་གི་མང་དུ་འབྱུང་བཞིན་པའི་མེ་མདས་བརྒྱབ་པའི་དོན་རྐྱེན་སོགས་དྲག་ཤུགས་ནག་ཉེས་དོན་རྐྱེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
ལཱ་སོ་ཡིས་དྲ་ཐོག་བརྒྱུད་དེ་བཤད་རྒྱུར། ང་ཚོས་ནུབ་ཕྱོགས་ཀྱི་མཱ་ནཱ་ཝེ་ཞིང་ཆེན་དང་དབུས་ནུབ་ཕྱོགས་ཀྱི་ལོ་སི་ལི་ཨོ་སི་ཞིང་ཆེན། ལྷོ་ནུབ་ཕྱོགས་ཀྱི་བཀའ་ཡ་སི་ཞིང་ཆེན་གྱི་ཏུའུ་ལན་གྲོང་ཁྱེར་བཅས་ནས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱེད་རྒྱུ་ཐག་བཅད་ཡོད་པ་དང་། དགོང་མོའི་དུས་ཚོད་བཅུ་ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད་ལྔའི་བར་མཚནམགྲོན་འགོག་རྒྱུ་ཡིན་ཟེར།
དོགས་ཟོན་མཐོར་འདེགས་བྱས་ཏེ་མཚན་མགྲོན་འགོག་པའི་སྐབས་སུ། ཨེ་ཀྭ་ཏོར་གྱི་དྲག་ཆས་དམག་དཔུང་དང་ཉེན་རྟོག་པས་སྐོར་གཡེང་ལ་ཤུགས་སྣོན་བྱས་ཏེ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་དང་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
ལཱ་སོ་ཡིས་བསྟན་དོན། དེའི་རྗེས་སུ་ཨེ་ཀྭ་ཏོར་གྱི་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་ས་གནས་སྲིད་གཞུང་གི་འཐུས་མིའི་གྲོས་ཚོགས་བསྡུས་ཏེ། མིག་སྔའི་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་དང་བདེ་འཇགས་ཉམས་ཉེན་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།