མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པས་ཀྲུང་གོས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱས་ནས་བྱས་རྗེས་བཞག་པར་བཀའ་དྲིན་ཞུས།
2023.07.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཁི་ལུའུ་ཝ་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་བསྡུས་པའི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་གོ་དྲུག་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས། ཁོས་བསྟན་དོན། ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་སྤྱོད་ཚུལ་བཟང་ཞིང་བྱང་ཚད་མཐོན་པོ་ལྡན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱས་ནས་བྱས་རྗེས་བཞག་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།

ལཱ་ཁི་ལུའུ་ཝ་ཡིས་བཤད་རྒྱུར། དུས་ཡུན་རིང་བོའི་ཚུན་ལ། ཀྲུང་གོས་ཁྱབ་ཁོངས་སོ་སོ་ནས་མཉམ་འབྲེལ་རྒྱལ་ཚོགས་བར་མཉམ་ལས་ཟབ་མོ་སྲུང་འཛིན་བྱས་པ་དང་། ཧུར་ཐག་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཉིན་དེའི་དགོང་མོར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་དམག་དོན་ཇུས་འདོན་ཚོགས་པའི་ཚོགས་གཙོ་ཡུན་ཀྲུང་ལིང་གིས་སྣེ་ལེན་ཚོགས་འདུར་མགོ་འཛིན་བྱས། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་དང་། འཐུས་མི་གཞོན་པ་ཀུན་ཧྲོང་། ལཱ་ཁི་ལུའུ་ཝ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་རོགས་པ་པུའུ་ཐིན་ཧེ་མུའུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམག་དོན་བློ་འདོན་པ་ཏིས་ཨོ་ཕུའུ་སོགས་དཔོན་རིགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཆེད་མངག་ཚོགས་པའི་དམག་དཔུང་བཅུ་གཉིས་ཀྱི་དམག་སྤྱི། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པའི་དམག་དོན་བློ་འདོན་པ་དང་། ཉེན་རྟོག་པའི་བློ་འདོན་པ། སྤྱི་ཚོགས་ལས་རིགས་སོ་ིསོའི་མི་སྣ་སོགས་མི་ཉིས་བརྒྱ་ལྷག་སྣེ་ལེན་ཚོགས་འདུར་ཞུགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམག་དོན་བློ་འདོན་པ་ཏིས་ཨོ་ཕུའུ་ཡིས་བསྟན་དོན། ཀྲུང་གོའི་དམག་དཔུང་གིས་རྒྱལ་ཁབ་རང་གི་མི་དམངས་ལ་ཞབས་འདེགས་ཞུ་བཞིན་ཡོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་ཐད་ལའང་བྱས་རྗེས་བཞག་ཡོད་ཟེར། སྣེ་ལེན་ཚོགས་འདུར་ཞུགས་པའི་སྐུ་མགྲོན་གཞན་པས་ཀྱང་ཀྲུང་གོའི་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་དང་འཛམ་གླིང་གི་ཞི་བདེ་ཐད་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།