ཧོང་སིན་གྱིས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་རྒྱུ་མིན་པ་ཁྱབ་བསྒྲགས་བྱས།
2023.07.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་གྱིས་ཁམ་ཕུ་ཀྲེའི་ཀན་ཏན་ཞིང་ཆེན་གྱི་འདེམ་ཤོག་འཕེན་ས་ཞིག་ཏུ་འདེམ་ཤོག་འཕེན་བཞིན་པ།

ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་གྱིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཁོས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་རྒྱུ་མིན་པ་དང་། ཁམ་ཕུ་ཀྲེའི་མི་དམངས་ཏང་གི་མ་འོངས་པའི་དབུ་བཞུགས་བློན་ཆེན་གྱི་འདེམ་སྒུག་མི་སྣ་ཧོང་མཱ་ནེ་ཡིས་སྲིད་གཞུང་གསར་བར་མགོ་ཁྲིད་བྱེད་རྒྱུ་ཡིན་ཟེར།

ཧོང་སིན་གྱིས་ད་ལྟ་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་དང་སྲིད་འཛིན་ཏང་མི་དམངས་ཏང་གི་ཀྲུའུ་ཞིའི་འགན་ཁུར་ཡོད། ཁམ་ཕུ་ཀྲེ་རྒྱལ་ཁབ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་པའི་འདེམ་ཤོག་རྩིས་ལེན་བྱས་པའི་ཐོག་མའི་མཇུག་འབྲས་ལྟར་ན། མི་དམངས་ཏང་ལ་ཉེ་སྔོན་སྤེལ་བའི་སྐབས་བདུན་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁབ་ཐོབ་ཡོད་པ་དང་། མི་དམངས་ཏང་གིས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་དགོས་པ་རེད།

ཧོང་སིན་གྱིས་ཉིན་དེར་ཁམ་ཕུ་ཀྲེའི་རྒྱལ་ཁབ་བརྙན་འཕྲིན་ཁང་གི་དམིགས་བསལ་རྒྱང་སྒྲོག་ལས་བཤད་རྒྱུར། ཧོང་མཱ་ནེ་ཡིས་ཁམ་ཕུ་ཀྲེའི་སྲིད་གཞུང་གསར་བར་མགོ་འཛིན་བྱེད་རྒྱུ་ཡིན་པ་དང་། ཁོས་ཁམ་ཕུ་ཀྲེའི་མི་དམངས་ཀྱིས་ཁོའི་ཆོད་དོན་ལ་རྒྱུས་ལོན་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཟེར།

ཧོང་སིན་གྱིས་ད་རུང་བསྟན་དོན། སྐབས་གསར་བའི་ཁམ་ཕུ་ཀྲེའི་རྒྱལ་དམངས་གྲོས་ཁང་གིས་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་གྲོས་ཚོགས་ཐོག་མ་སྤེལ་རྒྱུ་ཡིན་པ་དང་། སྲིད་གཞུང་གསར་བས་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།