སྐབས་གཉིས་པའི་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་དང་དཔལ་འབྱོར་དང་མི་ཆོས་རིང་ལུགས་ཀྱི་གླེང་སྟེགས་དེ་ཚེས་ཉེར་བདུན་ཉིན་ཨུ་རུ་སིའི་ཧྲིན་པུས་ཏི་པའོ་ནས་ཚོགས་མགོ་བརྩམས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གཏམ་བཤད་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་ཉེ་སྔོན་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་རེ་འགར་རིན་མེད་དུ་འབྲུ་རིགས་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
མཐོ་རིམ་གྲོས་ཚོགས་དེའི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་ཕྲག་འགའ་ཡིས་འཐུས་མི་མངག་ནས་ཚོགས་འདུར་ཞུགས་ཡོད། མཐོ་རིམ་གྲོས་ཚོགས་དེ་འགྲེམ་སྟོན་ཚོགས་འདུ་དང་ཡན་ལག་གླེང་སྟེགས། སྒོར་ཅོག་གྲོས་ཚོགས་སོགས་ཟུང་འབྲེལ་གྱི་རྣམ་པས་སྤེལ་བ་ཡིན་ཞིང་། གླེང་གཞི་ནི་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་འབྲུ་རིགས་དང་ནུས་ཁུངས། བར་སྟོང་ལག་རྩལ། ཆ་འཕྲིན་ལག་རྩལ། སློབ་གསོ། ལུས་རྩལ་སོགས་ཁྱབ་ཁོངས་ནས་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་སོགས་ལ་འབྲེལ་ཡོད།
ཕུའུ་ཅིན་གྱིས་ཉིན་དེར་སྤེལ་བའི་དཔལ་འབྱོར་དང་མི་ཆོས་རིང་ལུགས་ཀྱི་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཟླ་ངོ་གསུམ་ནས་བཞིའི་ནང་པུའུ་ཁི་ནཱ་ཧྥ་སོ་དང་ཙེམ་པབ་ཝེ། མཱ་ལི། སོ་མཱ་ལི། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ། ཨི་ལི་ཐི་ལི་ཡཱ་བཅས་ལ་རིན་མེད་དུ་འབྲུ་རིགས་ཏུན་ཁྲི་གཉིས་དང་སྟོང་ལྔ་ནས་ཏུན་ཁྲི་ལྔ་མཁོ་འདོན་སྤྲོད་བྱེད་པར་གྲ་སྒྲིག་བྱེད་རྒྱུ་ཡིན་པར་མ་ཟད། རིན་མེད་དུ་སྐྱེལ་འདྲེན་བྱེད་རྒྱུ་ཡིན་ཟེར།
ཕུའུ་ཅིན་གྱིས་ད་རུང་མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་བཀོད་པའི་ཚུན་ལ། ཝུའུ་ཁི་ལན་གྱིས་ཕྱིར་གཏོང་བའི་བྱས་པའི་འབྲུ་རིགས་ཀྱི་བརྒྱ་ཆའི་བདུན་ཅུ་ཡན་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དང་བཅས་པའི་ཡོང་འབབ་མཐོ་བ་དང་ཡོང་འབབ་འབྲིང་གི་རྒྱལ་ཁབ་ཏུ་བསྐྱལ་ཡོད། དེའི་ཞོར་དུ་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་ཕྱིར་གཏོང་གི་བཀག་རྒྱ་མེད་པར་གཏོང་བའི་དམ་བཅའ་དེ་ད་ལྟའི་བར་ལག་བསྟར་བྱུང་མེད། དེའི་དབང་གིས་ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མཐུན་དེ་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་མིན་ཟེར།
ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁི་མའོ་ལོ་ཡི་ཙུང་ཐུང་ཨ་ཀྲ་ལེ་ཡིས་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་ལས་འབྲུ་རིགས་མཁོ་འདོན་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། དེར་ཞུགས་ཀྱི་ཕྱོགས་ཁག་ཚང་མས་ཝུའུ་ཁི་ལན་དང་ཨུ་རུ་སིའི་འབྲུ་རིགས་དག་ཨ་ཧྥེ་རི་ཁ་གླིང་དུ་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན།
ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ཐོག་མ་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བར་ཨུ་རུ་སིའི་སོ་ཆི་ནས་བསྡུས་པ་དང་། གཙོ་བོ་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།