ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཧྥེ་ལེ་པེན་གྱི་ལོས་ཧྲ་ཞིང་ཆེན་ནས། མི་རྣམས་ཀྱིས་དོན་རྐྱེན་བྱུང་བའི་གྲུ་གཟིངས་ཀྱི་ཉེ་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པ།
ཧྥེ་ལེ་པེན་གྱི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པས་ཚེས་ཉེར་བདུན་ཉིན་བདེན་དཔང་བྱས་དོན། འགྲུལ་སྐྱེལ་གྲུ་གཟིངས་དེ་ཉིན་དེའི་ཕྱི་དྲོར་ལོས་ཧྲ་ཞིང་ཆེན་གྱི་པུས་ནན་ཨོ་ནན་གྲོང་རྡལ་ཉེ་འདབས་ཀྱི་མཚོ་ཁོངས་ནས་ལོག་སྟེ། ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་ཟེར།
ཧྥེ་ལེ་པེན་གྱི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པ་པཱ་ལེ་ལོ་ཡིས་ས་དེའི་བརྙན་འཕྲིན་ཁང་ཞིག་གི་བཅར་འདྲི་དང་ལེན་བྱེད་སྐབས་བདེན་དཔང་བྱས་དོན། འགྲུལ་སྐྱེལ་གྲུ་གཟིངས་དེ་ཉིན་དེར་ཧྥེ་ལེ་པེན་གྱི་ཆེས་ཆེ་བའི་མཚེའུ་ཡོད་སའི་ཐཱ་ལེ་མུའུ་གླིང་ཕྲན་དུ་འགྲོ་བཞིན་ཡོད། ས་དེའི་ཉིན་གུང་གི་དུས་ཚོད་གཅིག་ཡས་མས་སུ། གྲུ་གཟིངས་ལ་རླུང་ཆེན་ཤུགས་རྐྱེན་ཐེབས་པ་དང་། འགྲུལ་བ་དག་འཇིགས་དངངས་ཁྲོད་ནས་གྲུ་གཟིངས་ཀྱི་ཕྱོགས་གཅིག་ཏུ་འདུས་པས་གྲུ་གཟིངས་དོ་མཉམ་མ་མྱོང་བར་མཇུག་མཐར་ལོས་ཧྲ་ཞིང་ཆེན་གྱི་པུས་ནན་ཨོ་ནན་གྲོང་རྡལ་ཉེ་འདབས་ཀྱི་མཚོ་ཁོངས་ནས་ལོག་པ་རེད།
ལོས་ཧྲ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་ཉེར་གཅིག་ཆུར་ལྷུང་ནས་ཚེ་ལས་འདས་པ་དང་། གཞན་ཡང་མི་བཞི་བཅུ་བདེ་འཇགས་ངང་བསྐྱབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།