མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནས་ཞིང་ལས་འབྲུ་རིགས་མ་ལག་གི་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
2023.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཚོགས་ཡུན་ཉིན་གསུམ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་མ་ལག་གི་མཐོ་རིམ་གྲོས་ཚོགས་ཀྱི་དུས་རིམ་གྲུབ་འབྲས་སྤྱི་བསྡོམས་དང་སྐུལ་འདེད་ཚོགས་ཆེན་ཚེས་ཉེར་དྲུག་ཉིན་དབྱི་ཐཱ་ལེའི་རོ་མཱ་ནས་གྲོལ། ཚོགས་ཆེན་ནས་ཕྱོགས་སོ་སོས་མཐུན་སྒྲིལ་དང་སེམས་ཤུགས་གཅིག་ཏུ་དྲིལ་བ་དང་འགུལ་སྐྱོད་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ཞིང་ལས་འབྲུ་རིགས་མ་ལག་གི་ཚུལ་བསྒྱུར་ལ་སྐུལ་འདེད་བཏང་ནས། སྔར་ལས་ནུས་མཐོ་དང་དཀྱེལ་ཡངས་ཆེ་བ། བབ་བསྟུན་དང་རྒྱུན་མཐུད་ཀྱི་ཞིང་ལས་འབྲུ་རིགས་མ་ལག་འཛུགས་དགོས་པ་ནན་བཤད་བྱས།

ཐེངས་འདིའི་ཚོགས་ཆེན་ནི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་བསྡུས་པ་ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བརྒྱད་ཅུ་ནས་ཡོང་བའི་འཐུས་མི་སྟོང་གཉིས་ལྷག་གྲོས་ཚོགས་ལ་ཞུགས་ཡོད།

ཚོགས་ཆེན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་སྤེལ་བ་ཡིན་ལ། དབྱི་ཐཱ་ལེའི་སྲིད་གཞུང་དང་རོ་མཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་ཞིང་ལས་ལས་ཁུངས་ཀྱིས་མཉམ་ལས་བྱས་ཏེ་གཙོ་སྒྲུབ་བྱས་པ་ཡིན་པ་དང་། དམིགས་ཡུལ་ནི་ཉིས་སྟོང་ཉེར་གཅིག་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་མ་ལག་གི་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་སྤེལ་བའི་ཚུན་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཕྱིར་དྲན་དང་སྤྱི་བསྡོམས་བྱས་ཏེ། དུས་རིམ་རྗེས་མའི་བྱ་བར་སྐུལ་འདེད་གཏོང་ཆེད་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་ཀྱིས་མཇུག་སྒྲིལ་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ནམ་ཟླའི་ཉམས་ཉེན་དང་དཔལ་འབྱོར་འཁྲུག་རྩོད། རྒྱུན་མཐུད་འཁྲུག་རྩོད་སོགས་ཀྱི་ཉེན་ཁ་དང་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པར་མ་ཟད་ཕན་ཚུན་གཅིག་འབྲེལ་དུ་གྱུར་ཡོད། འབྲུ་རིགས་བདེ་འཇགས་མིན་པ་དང་འཚོ་བཅུད་མི་བཟང་བའི་རྒྱུ་རྐྱེན་དེ་སྔར་ལས་རྙོག་འཛིང་དུ་འགྱུར་བཞིན་ཡོད། ཁོས་བསྟན་དོན། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་རང་རང་གི་བགྲོད་ལམ་བརྒྱུད་དེ་སྔར་ལས་ཕན་ནུས་མཐོ་བའི་ཐོན་སྐྱེད་དང་འཚོ་བཅུད་བཟང་བོ། སྔར་ལས་ལྷག་པའི་ཁོར་ཡུག་དང་འཚོ་བ་བཟང་བོ་མངོན་འགྱུར་བྱས་ཏེ་མི་སུ་ཡང་རྗེས་ལ་ལུས་སུ་མི་འཇུག་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཚོགས་ཆེན་སྐབས་སུ་རྒྱལ་བ་སོ་སོའི་འཐུས་མིས་འབྲུ་རིགས་ཀྱི་ཆུད་ཟོས་དང་ནམ་ཟླའི་འགྱུར་ལྡོག བདེ་ཐང་བཟའ་བཏུང་། གྲོགས་པོའི་འབྲེལ་བ། ཚན་རིག་དང་ལག་རྩལ་སོགས་གྲོས་གཞི་མང་བོར་གྲོས་བསྡུར་བྱས་ཏེ། ཞིང་ལས་དང་འབྲུ་རིགས་མ་ལག་གི་ཚུལ་བསྒྱུར་ཁྲོད་འཕྲད་པའི་འགྲན་རྩོད་མང་བོ་ཐག་གཅོད་བྱེད་པར་བློ་འདོན་ཇུས་འབུལ་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མང་བོས་དེའི་སྔོན་མཉམ་འབྲེལ་གྱིས་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ་ཞེས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། ཚོད་དཔག་བྱས་ན་ཉིས་སྟོང་སུམ་ཅུ་ལོའི་བར་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་དྲུག་ཙམ་ལ་འབྲུ་རིགས་མི་འདང་བའི་སྣང་ཚུལ་འབྱུང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།