ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་ཡིས་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ནེ་ཀྲིར་གྱི་ཐོབ་པར་དཀའ་བའི་དམངས་གཙོའི་གྲུབ་འབྲས་དེར་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། ནེ་ཀྲིར་མི་དམངས་ཀྱིས་གྲུབ་འབྲས་དངོས་སུ་མྱོང་ཐུབ་ཟེར།
ནེ་ཀྲིར་གྱི་ཕྱི་འབྲེལ་བློན་ཆེན་ཧཱ་སུའུ་མུས་ཀྱིས་ཀྱང་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། སྲིད་འགྱུར་གཡོ་ཇུས་དེ་ཕམ་ཉེས་སུ་འགྲོ་སྲིད་ཟེར། ཁོས་རྒྱལ་གཅེས་མཁན་ཚང་མས་འགུལ་སྐྱོད་སྤེལ་ཏེ། ཉེན་ཁའི་འགུལ་སྐྱོད་དེར་བཀག་འགོག་བྱེད་དགོས་ཟེར།
ཁོས་ཧྥ་རན་སིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། པཱ་ཙུའུ་མུའུ་སྲིད་གཞུང་ནི་སྔར་བཞིན་ནེ་ཀྲིར་གྱི་ཁྲིམས་མཐུན་སྲིད་དབང་ཡིན། མིག་སྔར་པཱ་ཙུའུ་མུའུ་ཡི་ལུས་ཕུང་བདེ་ཐང་གནས་ཚུལ་བཟང་ཟེར། པཱ་ཙུའུ་མུའུ་ཚེས་ཉེར་དྲུག་ཉིན་ཙུང་ཐུང་ཉེན་སྲུང་རུ་ཁག་གིས་བཀག་འཇུག་བྱས་པ་རེད།
ནེ་ཀྲིར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ནེ་ཀྲིར་སྲིད་གཞུང་གི་མཐོ་རིམ་དཔོན་པོས་སྔོན་ཆད་ཙུང་ཐུང་གི་ཉེན་སྲུང་རུ་ཁག་གི་ཁོངས་མིར་གྲོས་མོལ་བྱས་ཏེ། པཱ་ཙུའུ་མུའུ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་ཡང་། གྲོས་མོལ་དེ་ཕམ་ཁའི་ངང་མཇུག་སྒྲིལ་བ་རེད། ཉིན་དེའི་དགོང་མོར་ནེ་ཀྲིར་གྱི་སྲིད་འགྱུར་དམག་མིས་ནེ་ཀྲིར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། པཱ་ཙུའུ་མུའུ་སྲིད་དབང་རྩ་རྫོགས་བྱས་པ་དང་། རྒྱལ་ཡོངས་སུ་མཚན་མགྲོན་འགོག་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་སྲིད་འགྱུར་གྱི་རྒྱུ་རྐྱེན་ནི་ནེ་ཀྲིར་གྱི་བདེ་འཇགས་གནས་བབ་བསྟུད་མར་ཇེ་སྡུག་ཏུ་སོང་བ་དང་། སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་བཅོས་སྐྱོང་ཐད་ནུས་པ་མ་ཐོན་པའི་དབང་གིས་ཡིན་ཟེར།
ནེ་ཀྲིར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉེར་བདུན་ཉིན་ཕྱི་སྡོད་རང་མི་དག་གིས་དོགས་ཟོན་མཐོར་འདེགས་དང་འགོག་སྲུང་ལ་ཤུགས་སྣོན་བྱེད་པ། ཕྱི་རོལ་དུ་མི་འགྲོ་བ། བདེ་འཇགས་དོགས་ཟོན་བྱ་བ་བཟང་བོར་བསྒྲུབ་དགོས་པའི་གསལ་འདེབས་བྱས། གལ་ཏེ་བྲེལ་མྱུར་གནས་ཚུལ་ལ་འཕྲད་ན་དུས་ཐོག་ཏུ་ཉེན་བརྡ་བཏང་སྟེ་གཞུང་ཚབ་ཁང་ལ་འབྲེལ་གཏུག་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།