སུའུ་ཏན་དྲག་ཆས་དམག་དཔུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
2023.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དང་མཉམ་དུ་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་ནས་སྤེལ་བཞིན་པའི་ཐད་ཀར་མིན་པའི་གྲོས་མོལ་དེ་མཚམས་འཇོག་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བསྟན་དོན། དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་ངོ་བོའི་གནད་དོན་རེ་འགའི་ཐད་སྔར་བཞིན་འགལ་བ་ཡོད། དྲག་ཆས་དམག་དཔུང་གིས་ངོ་ལོག་མཁན་དག་རྒྱལ་ས་ཁཱ་ཐུའུ་མུའུ་ཡི་ས་ཁུལ་སོ་སོའི་དམངས་ཀྱི་སྡོད་ཁང་དང་འགྲིམ་འགྲུལ་གཞུང་ལམ་གཙོ་བོ། སྨན་བཅོས་ལས་ཁུངས། སྤྱི་བའི་སྒྲིག་ཆས་བཅས་ལས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ཕྱོགས་གཉིས་བར་དོན་དེའི་ཐད་གྲོས་འཆམ་བྱུང་མེད་པས། འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་ཐབས་མེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དྲག་ཆས་དམག་དཔུང་གི་ཅི་ཏཱ་རུ་ཡོད་པའི་འཐུས་ཚབ་ཚོགས་པ་ཕྱིར་ཁཱ་ཐུའུ་མུའུ་རུ་འབྱོར་ཡོད་ལ། སྔར་ལས་ལྷག་པའི་སྒོ་ལངས་ཕྱོགས་ལ་གྲོས་བསྡུར་བྱས་ཏེ་བཀག་རྒྱ་གཙང་སེལ་བྱས་རྗེས་ཡང་བསྐྱར་གྲོས་མོལ་སླར་གསོ་བྱེད་དགོས་ཟེར། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། དྲག་ཆས་དམག་དཔུང་གིས་ཕན་ནུས་ལྡན་ཞིང་དྲང་བདེན་གྱི་གྲོས་མཐུན་ཞིག་བཀོད་དེ། ཕྱོགས་གཉིས་ཀྱི་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པ་དང་འཐབ་འཁྲུག་རྗེས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་པར་རྨང་གཞི་འདིང་ཐུབ་པར་རེ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།