ཕཱ་ཁི་སི་ཐན་བྱང་ཕྱོགས་ཀྱི་ཅི་ཨར་ཅི་ཐི་དང་པའོ་ཨར་ཏིས་སི་ཐན་ས་ཁུལ་དུ་ཚེས་ཉེར་བརྒྱད་ཉིན་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་སྟེ་མེར་འབར་བའི་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག
ཕཱ་ཁི་སི་ཐན་དཔོན་ཕྱོགས་ཀྱི་བྲེལ་མྱུར་རྒུད་སྐྱོབ་རྩ་འཛུགས་ཀྱིས་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་དེ་ཏིས་ཡཱ་མུས་ཨར་ས་ཁུལ་གྱི་པཱ་པུའུ་སི་ཨར་ཉག་ཁའི་ཉེ་འདབས་སུ་བྱུང་ཞིང་། ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་སཱ་ཞེ་ཝ་ཨར་ས་ཁུལ་ནས་ཅི་ཨར་ཅི་ཐི་དང་པའོ་ཨར་ཏིས་སི་ཐན་ས་ཁུལ་གྱི་ཅི་ཨར་ཅི་ཐི་གྲོང་ཁྱེར་དུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་རླངས་འཁོར་གཞན་པ་ཞིག་ལ་ཐོ་བརྒྱབ་རྗེས་གྲོག་རོང་དུ་ལྷུང་ནས་མེར་འབར་བས། འགྲུལ་སྐྱེལ་རླངས་འཁོར་སྟེང་གི་མི་ལ་ཤི་རྨས་བཟོས་པ་རེད། ཤི་རྨས་ཐེབས་མཁན་གྱི་གྲས་སུ་བུད་མེད་དང་བྱིས་པ་འདུས་ཟེར།
ཕཱ་ཁི་སི་ཐན་དཔོན་རིགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་བྱུང་རྗེས་རྒུད་སྐྱོབ་མི་སྣ་དང་ས་དེའི་དང་བླངས་མཁན་ཡུལ་དངོས་སུ་སོང་ནས་རྒུད་སྐྱོབ་བྱ་བ་སྤེལ། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། རྨས་མ་སྐོར་ཞིག་གི་གནས་ཚུལ་ཚབས་ཆེན་ཡིན་པས་ཚོད་དཔག་བྱས་ན་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།