ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་སྔར་ལས་དྲང་བདེན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་མཉམ་དུ་འབད་བརྩོན་བྱེད་རྒྱུ་མ་ཟད། ཧུར་ཐག་སྒོས་རྒྱལ་སྤྱིའི་གྲོས་རིམ་སྟེང་གི་གནད་འགག་གནད་དོན་ཐད་ནས་མཐུན་སྦྱོར་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
ཕུའུ་ཅིན་གྱིས་ཉིན་དེར་ཧྲིན་པུས་ཏི་པའོ་ནས་སྤེལ་བའི་སྐབས་གཉིས་པའི་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར། མིག་སྔའི་ཟང་ཟིང་གི་རྒྱལ་སྤྱིའི་གནས་བབ་འོག ངེས་པ་དོན་གྱི་སྣེ་མང་གི་རྒྱལ་སྤྱིའི་སྒྲིག་ལམ་ཆགས་བཞིན་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཡིས་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཁྱབ་ཁོངས་ནས་བཏོན་པའི་ནུས་པ་མྱུར་མོར་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཕྱོགས་གཅིག་གི་བཀག་སྡོམ་དང་ཚོད་འཛིན་བྱེད་ཐབས་དང་ལེན་བྱེད་མི་སྲིད། རིགས་མཐུན་གྱི་བྱེད་ཐབས་དེས་རྒྱལ་ཁབ་སྐོར་ཞིག་གི་ཁེ་ཕན་ལ་གནོད་སྐྱེལ་བར་མ་ཟད། ཞོར་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བཀག་རྒྱ་བཟོས་ཡོད་ཟེར།
སྐབས་གཉིས་པའི་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་དང་དཔལ་འབྱོར་དང་མི་ཆོས་རིང་ལུགས་ཀྱི་གླེང་སྟེགས་དེ་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་ཧྲིན་པུས་ཏི་པའོ་ནས་སྤེལ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་གྲོས་བསྡུར་བྱས་པར་མ་ཟད། དེའི་ཞོར་དུ་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་གྲོས་གཞི་གཙོ་བོར་གྲོས་བསྡུར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།