ནེ་ཀྲིར་གྱི་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བརྒྱད་ཉིན་སྲིད་འགྱུར་དམག་མིའི་མགོ་ཁྲིད་པ་ཆི་ཡཱ་ནེ་ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞིར་བྱས་ནས་བཀོད་པའི་གསལ་སྒྲོག་ལས། ནེ་ཀྲིར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་བྱེད་མཚམས་འཇོག་པ་དང་རྩ་ཁྲིམས་ལྟར་བཀོད་སྒྲིག་བྱས་པའི་སྲིད་གཞུང་ལས་ཁུངས་གཏོར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
གསལ་སྒྲོག་ལས་བཤད་རྒྱུར། ནེ་ཀྲིར་གྱིས་རྩ་ཁྲིམས་སྒྲིག་ལམ་སླར་གསོ་མ་བྱས་གོང་། མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛིན་དང་སྲིད་འཛིན་དབང་ཤུགས་ཚང་མ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞི་ཆི་ཡཱ་ནེ་རྒྱལ་ཁབ་ཀྱི་མགོ་གཙོར་བཞག་སྟེ། ནེ་ཀྲིར་གྱི་ཚབ་ཏུ་རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
ཆི་ཡཱ་ནེ་ཡིས་ཚེས་ཉེར་བརྒྱད་ཉིན་ནེ་ཀྲིར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། ནེ་ཀྲིར་གྱི་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཁྱབ་བསྒྲགས་བྱས།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཆི་ཡཱ་ནེ་ནེ་ཀྲིར་གྱི་སྔོན་ཆད་ཀྱི་ཙུང་ཐུང་དབྱེ་སོ་ཧྥུའུ་ཡིས་ཙུང་ཐུང་ཉེན་སྲུང་རུ་ཁག་གི་རུ་གཙོར་བསྐོ་འཇོག་བྱས་པ་ཡིན་ལ། པཱ་ཙུའུ་མུའུ་ཡིས་ཙུང་ཐུང་གི་འགན་ཁུར་རྗེས་དེའི་ལས་གནས་སོར་འཇོག་བྱས་པ་རེད།
ཚེས་ཉེར་དྲུག་ཉིན་ནེ་ཀྲིར་གྱི་ཙུང་ཐུང་ཉེན་སྲུང་རུ་ཁག་གི་དམག་མི་སྐོར་ཞིག་གིས་པཱ་ཙུའུ་མུའུ་བཀག་འཇུག་བྱས། ཉིན་དེའི་ནམ་གུང་སྲིད་འགྱུར་དམག་མིའི་འཐུས་མིས་ནེ་ཀྲིར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། པཱ་ཙུའུ་མུའུ་སྲིད་དབང་རྩ་རྫོགས་བྱས་པ་ཁྱབ་བསྒྲགས་བྱས་པར་མ་ཟད་དམག་མིའི་སྲིད་དབང་གིས་རྒྱལ་ཁབ་ཀྱི་ལས་དོན་དང་ལེན་དོ་དམ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།